ད་ལོའི་ཟླ་བརྒྱད་པའི་ནང་། སྐབས་༡༣་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གི་ཚོགས་འདུ་ཐེངས་༡༢་པའི་སྟེང་དུ། ས་གཞི་དོ་དམ་གྱི་ཁྲིམས་འཕར་བཅོས་ཀྱི་གྲོས་གཞི་ལ་མོས་མཐུན་བྱུང་ཞིང་། ཁྲིམས་གསར་དེ་༢༠༢༠་ལོའི་ཟླ་དང་པོའི་ཚེས་༡་ནས་བཟུང་སྟེ་ལག་བསྟར་བྱ་རྒྱུའི་ཐག་བཅད། རྒྱ་ཆེ་བའི་ཞིང་པ་དང་འབྲོག་པ་རྣམས་ཀྱིས་ཁྲིམས་གསར་དེ་ལ་དོ་སྣང་དང་རྒྱུས་ལོན་བྱས་ཏེ་ཞིང་ས་དང་རྩྭ་སའི་ཐོབ་ཐང་ལ་ལོངས་སུ་སྤྱོད་ཆེད་དེའི་བཀོལ་སྤྱོད་དང་སྲུང་སྐྱོབ་བྱེད་སྟངས་ཤེས་ན་ཕན་ཐོགས་ཆེ། 

དང་པོ། ཞིང་སྡེའི་འཛུགས་སྐྲུན་ས་གཞི་ཚོང་རར་ཐད་ཀར་འཇོག་ཆོག་པ། ཁྲིམས་གསར་བའི་ནང་དུ་སྡེ་བ་དང་སྡེ་ཆུང་ལ་དབང་བའི་ཞིང་སྡེའི་འཛུགས་བསྐྲུན་རང་བཞིན་ཅན་གྱི་ས་གཞི་སྡེ་བ་དང་ཚོ་བས་སྡེ་དམངས་ཀྱི་སུམ་ཆའི་གཉིས་མོས་མཐུན་ཡོད་པའི་སྒོ་ནས་ཐད་ཀར་ཚོང་རར་བཞག་སྟེ་གཞན་ལ་བཙོང་བའམ་གླས་ན་ཆོག་ཅེས་པའི་གཏན་འབེབས་བྱས་ཏེ་སྔོན་གྱི་དགོས་མེད་ཀྱི་བཀག་རྒྱ་བཤིག སྔོན་གྱི་ས་གཞི་དོ་དམ་གྱི་ཁྲིམས་ཀྱི་འགྲོ་ལུགས་ལྟར་ན། སྡེ་བ་དང་ཚོ་བ་ལ་དབང་བའི་ཞིང་སྡེའི་འཛུགས་བསྐྲུན་ས་གཞི་གཞན་ལ་བསྐོར་ཏེ་ཁེ་སྤོགས་བསྒྲུབ་དགོས་ན་ས་གཞི་དེ་ཐོག་མར་གཞུང་གིས་བླངས་ཏེ་གཞུང་ལ་དབང་བའི་ངོ་བོར་བསྒྱུར་བའི་རྗེས་སུ་ད་གཟོད་གཞན་ལ་བསྐོར་ཆོག་པ་དང་ཞིང་སྡེའི་ཐུན་མོང་ཚོགས་པས་ཐད་ཀར་བསྐོར་མི་ཆོག་པ་མ་ཟད་ས་གཞིའིཐོབ་ཐང་བསྐོར་བའི་རྗེས་སུ་བསྐོར་གླ་ཡང་ས་གཞི་དེའི་སྐབས་དེར་ལོ་གསུམ་ནང་ལོ་རེའི་ཡོང་འབབ་ཀྱི་ལྡབ་སུམ་ཅུ་ལས་བརྒལ་མི་ཆོག་པའི་ཁྲིམས་བཅས། དེ་ལྟར་བསྐོར་ནས་ས་གཞི་ལས་བྱུང་བའི་ཁེ་བཟང་མང་ཆེ་བ་གཞུང་དང་ཚོང་བའི་ལག་ཏུ་ལྷུང་བ་དང་། ཞིང་བ་དང་ཞིང་སྡེ་ཐུན་མོང་གི་ས་ཤོར་བས་མི་ཚད་རིན་གོང་ཡང་ཉུང་ངུ་ཙམ་ལས་ལོན་གྱི་མེད། དཔེར་ན་ཞིང་བ་དང་འབྲོག་པའི་ས་ཡི་སྟེང་ནས་ལམ་ལས་བ་དང་གཏེར་བསྔོག་པ། བཟོ་གྲྭ་ཕྱེ་བ་དང་ས་འོག་གི་སྦུག་ལམ་བཟོ་དགོས་བྱུང་ཚེ། སྔོན་གྱི་ཁྲིམས་དང་བསྟུན་ན་ས་འདི་དག་གི་ངོ་ངོ་གཞུང་ལ་དབང་བར་འགྱུར་བ་དང་། ཞིང་བས་ས་ཞིང་གཞུང་སྡུད་བྱས་པའི་གུན་གསབ་ཉུང་ངུ་ཙམ་བླངས་པའི་རྗེས་སུ་ཁ་གྲག་པའི་ཐོབ་ཐང་ཅི་ཡང་མེད། ༢༠༢༠་ལོ་ནས་བཟུང་སྟེ། ས་དེ་དག་གི་བདག་དབང་གི་ཐོབ་ཐང་དེ་སྡེ་བ་དང་ཚོ་བས་ཐད་ཀར་བཟུང་སྟེ་ལམ་ལས་མཁན་དང་གཏེར་བསྔོག་མཁན། བཟོ་འཚོང་བྱེད་མཁན་བཅས་ལ་ཐད་ཀར་གོང་ཚད་བསྡུར་ནས་སྲིད་གཞུང་གི་དོ་དམ་དང་བཀོད་འདོམས་ཀྱི་འཆར་གཞི་ལྟར་དེ་དག་ལ་བཙོང་བའམ་གླས་ན་ཆོག་པ་ལས། ས་གནས་སྲིད་གཞུང་གིས་ཁོ་ཚོའི་བར་ནས་དགོས་མེད་ཀྱི་གཞུང་སྡུད་དང་བཀག་རྒྱ་སོགས་བཟོས་མི་ཆོག་པ་ལྟ་བུའོ། 

གཉིས་པ། ཞིང་སྡེའི་ས་གཞི་གཞུང་སྡུད་ཀྱི་རྒྱུ་མཚན་ལ་བཀག་རྒྱ་མངོན་གསལ་བཟོས་ཏེ། སྔོན་གྱི་ས་གཞིའི་གུན་གསབ་ལ་ཚད་བཀག་བྱེད་པ་དོར། དམག་དོན་དང་ཕྱི་འབྲེལ། སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ་ལག་བསྟར་བྱེད་པའི་རྨང་གཞི་རང་བཞིན་ཅན་གྱི་འཛུགས་བསྐྲུན་དང་སྤྱི་ཕན་ལས་དོན། དབུལ་སྐྱོར་གནས་སྤོར། འགན་སྲུང་རང་བཞིན་ཅན་གྱི་ཁང་ཁྱིམ་བསྐྲུན་པའི་རྣམ་གྲངས། ས་གཞི་ཆ་ཚང་དུམ་བཅད་ཀྱི་ཚོང་ར་འཛུགས་བསྐྲུན་བྱེད་པའི་ཆ་རྐྱེན་འདི་དག་ཁོ་ནའི་དབང་གིས་སྲིད་གཞུང་གིས་ཁྲིམས་ལྟར་ཞིང་སྡེ་ལ་དབང་བའི་ས་གཞི་གཞུང་སྡུད་བྱས་ཆོག་པ་ལས་རྒྱུ་མཚན་འདི་དག་ལས་འདའ་སྟེ་ས་ཞིང་གཞུང་སྡུད་བྱས་མི་ཆོག་པ་དང་། གཞུང་སྡུད་བྱེད་སྐབས་གཞུང་གིས་སྤྲད་པའི་ས་རིན་དང་གུན་གསབ་ཀྱི་ཡིག་ཆ་ལ་སྡེ་དམངས་ཡིད་འཐད་མེད་ན། གཞུང་གིས་སྟབས་བསྟུན་གྱི་འགྱུར་བ་བཏང་སྟེ་སྡེ་དམངས་དང་གྲོས་འཆམ་བྱེད་པ་ལས་སྡེ་དམངས་ཀྱི་འདོད་མོས་ལ་མ་བསྟུན་པར་བཙན་དྲག་གིས་ས་གཞི་བླངས་མི་ཆོག་པ་མ་ཟད། སྡེ་དམངས་དང་གྲོས་ཆོད་བྱུང་བའི་རྗེས་སུ་ད་གཟོད་ས་གཞི་གཞུང་སྡུད་ཀྱི་ཡིག་ཆ་གོང་རིམ་པའི་སྲིད་གཞུང་ལ་ཕུལ་ཏེ་གཞུང་སྡུད་ཀྱི་ཆོག་མཆན་ཞུ་དགོས། ཁྲིམས་གསར་བས་ཁྲིམས་རྙིང་བའི་ནང་དུ་སྡེ་དམངས་ལ་སྤྲད་པའི་གཞུང་སྡུད་ས་གཞིའི་གུན་གསབ་དེ་ས་ཞིང་དེའི་ཡོང་སྒོའི་ལྡབ་སུམ་ཅུ་ལས་བརྒལ་མི་ཆོག་པའི་གཏན་དབབ་དེ་དོར་ནས་ས་ཡི་གནས་བབ་ཀྱི་རིན་ཐང་དང་་མཐུན་པའི་གུན་གསབ་འཇལ་དགོས་པའི་བཅས་པ་གསར་བ་བསྣན་ཏེ་ས་ཤོར་བའི་ཞིང་བ་ལ་སྤྱི་ཚོགས་འགན་སྲུང་གི་དཀྱིལ་འཁོར་དུ་ཚུད་ཐུབ་པར་བྱ་དགོས་པ་མ་ཟད། ཁང་ས་ཤོར་བའི་ཞིང་བ་ལ་ཁང་ས་གཞན་ནས་སྤྲོད་ཐུབ་ན་སྤྲོད་དགོས་པ་དང་སྤྲོད་མ་ནུས་ན་སྡོད་ཁང་དང་གུན་ཚབ་སོགས་འཇལ་དགོས་པའི་གཏན་དབབ་བྱས། 

གསུམ་པ། ཁང་སའམ་གཞིས་སའི་བཅོས་བསྒྱུར། སྔོན་གྱི་ཁྲིམས་ཡིག་ལྟར་ན་རོང་འབྲོག་ས་ཁུལ་ནས་ཁྱིམ་ཚང་རེ་ལ་ཁང་ས་རེའི་སྲིད་ཇུས་ལག་བསྟར་བྱེད་པ་དང་བསྟུན་ནས་ཁྱིམ་ཚང་རེ་ལ་འདུག་ས་རེ་ངེས་པར་དུ་ཡོད་དགོས་པའི་རྩ་དོན་གསར་དུ་བསྣན་བྱས་ཏེ་སྔོན་གྱི་ཁྱིམ་ཚང་གཅིག་ནས་བྱེས་པའི་ཁྱིམ་ཚང་གསར་བ་ལའང་ཁང་ས་རག་ཐུབ་པར་སྡེ་བ་དང་ཚོ་བས་ཁག་ཁུར་དགོས་པ་གཏན་དབབ་བྱས་ཏེ། དེ་སྔོན་ཁང་ས་དགོས་ན་རྫོང་མི་དམངས་སྲིད་གཞུང་ལ་ཞུ་དགོས་པའི་གཏན་འབེབས་དེ་ལ་འགྱུར་བ་བཏང་སྟེ། གྲོང་བརྡལ་ལམ་ཡུལ་ཚོའི་སྲིད་གཞུང་གིས་ཁང་ས་འགོད་པར་ཆོག་མཆན་སྤྲད་ཆོག་པའི་གཏན་འཁེལ་བྱས། དེ་ནས་རོང་འབྲོག་ས་ཁུལ་ན་བསྡད་མེད་པའི་ཞིང་བའམ་འབྲོག་པ་རྣམས་ཀྱིས་རང་ལ་དབང་བའི་ཁང་ས་དེ་དོན་གཉེར་དང་བདག་གིར་འཛིན་འདོད་མེད་ན། ཁོང་ཚོས་རང་འདོད་ཀྱིས་ཁང་ས་དེ་ཕྱིར་སྡེ་བ་དང་ཚོ་བར་སྤྲད་ན་སྡེ་བས་ཕྱིར་ཁོང་ཚོར་ས་རིན་སྤྲོད་དགོས་ཤིང་། ཞིང་བ་དང་འབྲོག་པའི་འདོད་མོས་ལ་མ་ལྟོས་པར་ཁོང་ཚོའི་ཁྲིམས་མཐུན་གྱིས་བཟུང་བའི་ཁང་ས་སོགས་སྡེ་བ་དང་སྲིད་གཞུང་གིས་བཙན་གྱིས་ཕྱིར་སྡུད་བྱེད་མི་ཆོག 

མདོར་ན། རྩ་ཁྲིམས་ལྟར་རོང་འབྲོག་མང་ཚོགས་ལ་དབང་བའི་ས་ཞིང་ལ་སྲིད་གཞུང་གིས་བཀག་སྡོམ་དང་ངན་འཕྲོག་བྱས་དང་བྱེད་བཞིན་པའི་འདས་པའི་ལོ་རྒྱུས་ཁྲོད་དུ། རོང་འབྲོག་པ་རྣམས་ཀྱི་ཁྲིམས་ཀྱི་གོ་རྟོགས་སད་དེ་འཐབ་རྩོད་རབ་དང་རིམ་པ་བྱས་མཐར། སྲིད་གཞུང་གིས་ཀྱང་རོང་འབྲོག་པ་རྣམས་ལ་ཐོབ་འོས་པའི་ཐོབ་ཐང་མི་སྤྲོད་ག་མེད་དུ་གྱུར་ཏེ་ཐོབ་ཐང་ཉུང་ངུ་ཙམ་སྤྲད་དང་སྤྲོད་བཞིན་པ་ནི་དེང་སྐབས་ཀྱི་གནས་བབ་རེད། འོན་ཀྱང་རོང་འབྲོག་པ་རྣམས་ལ་ས་ཞིང་གི་ཐོབ་ཐང་དང་བདག་དབང་གཤའ་མ་དེ་ད་དུང་དངོས་སུ་ཐོབ་མེད་པར། རོང་འབྲོག་པའི་ས་གཞི་ལས་བྱུང་བའི་དཔལ་འབྱོར་གྱི་ཁེ་ཕན་མང་ཤོས་སྲིད་གཞུང་དང་ཚོང་བ་རྣམས་ཀྱིས་བགོ་བཤའ་བྱས་ཏེ་དོན་གྱི་བདག་པོ་ལ་བགོ་སྐལ་ཤིན་ཏུ་ཉུང་། ས་གཞི་དོ་དམ་གྱི་ཁྲིམས་ཡང་འདི་འདྲའི་གནས་བབས་ཀྱི་འོག་ཏུ་འགྱུར་བ་གཏོང་དགོས་པར་ཐུག དེའི་ཕྱིར་རྒྱ་ཆེ་ས་ལ་བརྟེན་ནས་འཚོ་ཚིས་སྒྲུབ་པའི་མང་ཚོགས་རྣམས་ཀྱིས་ས་ཞིང་གི་བདག་དབང་ཡོད་པ་དམ་དུ་བཟུང་སྟེ་མཁས་མཛངས་གཉིས་ལྡན་གྱིས་བཀོལ་སྤྱོད་བྱེད་པ་དང་། ཤོར་བའམ་མ་ཐོབ་པའི་བདག་དབང་སླར་ཐོབ་པའི་ཆེད་དུ་བརྩོན་ལེན་མུ་མཐུད་དུ་བྱེད་དགོས། འདི་ནས་ས་གཞི་དོ་དམ་གྱི་ཁྲིམས་ཡིག་ལ་འགྱུར་བ་ཅི་ཞིག་བཏང་བ་རོབ་ཙམ་བཤད་ཡོད་པ་ལས་དེའི་རྒྱབ་ལྗོངས་དང་དགོས་པ་རྒྱུ་མཚན་སོགས་གསལ་བོར་སྤྲོས་མེད་པས། རྗེས་མར་དུས་ཚོད་བྱུང་ན་རེ་རེ་བཞིན་དུ་གསལ་བར་བྲིས་ཏེ་བརྗོད་པར་བྱ་འཆར་ཡོད།