Image result for prisoners in China

བཙོན་ཁང་དང་ལྟ་རྟོག་ཁང་དུ་བཀག་ཉར་བྱས་པའི་བཙོན་མ་དང་ཉེས་ཅན་དོགས་ཡོད་མི་སྣ། གྱོད་ཡ་ལ་སོགས་པ་ཤི་རྨས་ཀྱི་གནས་ཚུལ་བྱུང་བ་ཡིན་ན། གལ་ཏེ་བཙོན་ཁང་དང་ལྟ་རྟོག་བཀག་ཉར་ཁང་གི་དོ་དམ་བྱེད་མཁན་གྱིས་བསམ་བཞིན་དང་འགལ་འཁྲུལ་གྱི་དབང་གིས་བཙོན་མ་དང་ཉེས་ཅན་མི་སྣ་སོགས་ལ་ཤི་རྨས་བྱུང་དུ་བཅུག་པ་ཡིན་ན། བཙོན་ཁང་དང་ལྟ་རྟོག་ཁང་གི་དོ་དམ་ལས་ཁང་སོགས་ཀྱིས་ཤི་རྨས་བྱུང་བའི་མི་དེའམ་དེའི་ཁྱིམ་མིར་གུན་གསབ་འཇལ་དགོས། གུན་གསབ་དེ་རིགས་ནི་རྒྱལ་ཁབ་གུན་གསབ་ཀྱི་ཁོངས་སུ་གཏོགས། རྒྱལ་ཁབ་གུན་གསབ་ལ་སྲིད་འཛིན་གུན་གསབ་དང་ཉེས་དོན་གུན་གསབ། ཁྲིམས་འཛིན་གུན་གསབ་བཅས་གསུམ་དུ་དབྱེ་ཞིང་། སྲིད་གཞུང་གི་གཞུང་ཞབས་པའམ་ལས་བྱེད་པས་དབང་ཆ་ལ་བརྟེན་ནས་དོ་དམ་ལ་སོགས་པའི་གཞུང་དོན་སྒྲུབ་

སྐབས་བསམ་བཞིན་དང་འགལ་འཁྲུལ་གྱིས་སྤྱི་དམངས་ལ་གནོད་འཚེ་བཟོས་ན་སྲིད་གཞུང་གིས་གནོད་པ་ཐེབས་པའི་མིའམ་ཚོགས་པ་ལ་་གུན་གསབ་འཇལ་བ་ལ་སྲིད་འཛིན་གུན་གསབ་ཟེར་བ་དང་། དཔེར་ན་གྲོང་སྲུང་(城管)གིས་ཁྲིམས་འགལ་གྱིས་ཆད་པ་བཅད་པའམ་སྲིད་འཛིན་ཕ་རོལ་བོ་ལ་ཉེས་རྡུང་བཏང་ནས་བྱུང་བའི་གུན་གསབ་དེ་རྒྱལ་ཁབ་ཀྱིས་གཞལ་དགོས་པ་ལྟ་བུ།  ཉེན་རྟོག་ཁང་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱི་མི་སྣས་ཉེས་དོན་གཏུག་བཤེར་གྱི་ལས་དོན་འགལ་འཁྲུལ་གྱིས་བསྒྲུབས་ཏེ་འཛིན་བཟུང་བྱས་པའི་ཉེས་ཅན་དོགས་ཡོད་མི་སྣ་དང་གྱོད་ཡ་ཡི་ལུས་སྲོག་ལོངས་སྤྱོད་ཀྱི་ཐོབ་ཐང་ལ་གནོད་པ་བཟོས་ན་ལས་ཁུངས་དེ་དག་གིས་གུན་གསབ་འཇལ་དགོས་པ་ལ་ཉེས་དོན་གུན་གསབ་ཟེར། དཔེར་ན་ཉེན་རྟོག་པས་བཀག་ཉར་བྱས་པའི་མི་ལ་རྡུང་རྡེག་བྱས་ཏེ་བྱུང་བའི་གུན་གསབ་དང་། ཡང་ན་ལྟ་རྟོག་ཁང་དུ་བཀག་ཉར་བྱས་པའི་གྱོད་ཡའམ་ཉེས་ཅན་དོགས་ཡོད་མི་སྣར་ནད་བྱུང་སྟེ་ལྟ་རྟོག་ཁང་གིས་དུས་ལྟར་སྨན་བཅོས་མ་བྱས་པའི་རྐྱེན་གྱིས་ཤི་བ་ལས་བྱུང་བའི་གུན་གསབ་ལྟ་བུ། དམངས་དོན་དང་སྲིད་འཛིན་གཏུག་བཤེར་གྱི་སྐབས་སུ་ཁྲིམས་དཔོན་གྱིས་བསམ་བཞིན་དང་འགལ་འཁྲུལ་གྱི་སྒོ་ནས་བཅད་ཁྲ་ཕབ་ཏེ་དོ་བདག་གི་ཐོབ་ཐང་ལ་གནོད་པ་ཐེབས་ན་ཁྲིམས་ཁང་གིས་དོ་བདག་ལ་གུན་གསབ་འཇལ་དགོས་པ་དེ་ལ་ཁྲིམས་འཛིན་གུན་གསབ་ཟེར། དཔེར་ན་ཁྲིམས་དཔོན་གྱིས་འགལ་འཁྲུལ་གྱི་བཅད་ཁྲ་ཕབ་སྟེ་དོམ་བདག་གི་ཐོབ་ཐང་ལ་གནོད་པ་བཟོས་ཏེ་བྱུང་བའི་གུན་གསབ་ལྟ་བུ། གོང་འཁོད་ཀྱི་གུན་གསབ་དེ་རིགས་རྒྱལ་ཁབ་ཀྱི་དཀོར་མཛོད་ལས་བླངས་ཏེ་སྤྲོད་དགོས་བས་ན་རྒྱལ་ཁབ་གུན་གསབ་ཅེས་བརྗོད།

Image result for 国家赔偿法
རྒྱལ་ཁབ་གུན་གསབ་འཇལ་སྤྲོད་ཀྱི་ཁྲིམས།

རྒྱལ་ཁབ་གུན་གསབ་འཇལ་སྤྲོད་ཁྲིམས་(国家赔偿法)འདིར་གྲངས་ཀ་འཁོད་མི་འདུགཀྱི་དོན་ཚན་གྲངས་ཀ་གི་ནང་དུ་རྩད་གཅོད་དང་ཞིབ་དཔྱོད། ཁྲིམས་བཤེར་བཅས་ཀྱི་དབང་འཛིན་ལས་ཁུངས་ཁག་དང་། ལྟ་རྟོག་ཁང་། བཙོན་ཁང་དོ་དམ་ལས་ཁང་དང་དེ་དག་གི་ལས་བྱེད་པས་དབང་ཐང་ལ་བརྟེན་ནས་ལས་དོན་སྒྲུབ་པའི་སྐབས་སུ་སྤྱི་དམངས་དང་བཅས་མི་དང་ཚོགས་སྡེ་གཞན་དག་གི་ཁྲིམས་མཐུན་གྱི་ཐོབ་ཐང་ལ་གནོད་པ་བཟོས་ན། ལས་ཁུངས་དེ་དག་ནི་གུན་གསབ་འཇལ་རྒྱུར་འགན་ཁུར་དགོས་པའི་ལས་ཁང་ཡིན་ཞེས་གཏན་འབེབས་བྱས་ཡོད་པའི་ནང་དོན་ལྟར་ན།   ལྟ་རྟོག་ཁང་དུ་ཉེས་དོན་གཏུག་བཤེར་གྱི་དབང་གིས་བཀག་ཉར་དང་འཛིན་བཟུང་གི་གནས་སྟངས་སུ་ཡོད་པའི་ཉེས་ཅན་དོགས་ཡོད་མི་སྣ་དང་གྱོད་ཡ་དེ་བཀག་ཉར་ཁང་དུ་ཤི་བ་དང་རྨས་སྐྱོན་སོགས་བྱུང་ཚེ། གལ་ཏེ་བཀག་ཉར་ཁང་དང་ལྟ་རྟོག་ཁང་གི་ལས་བྱེད་མི་སྣས་བསམ་བཞིན་དང་འགལ་འཁྲུལ་གྱི་དབང་གིས་ཕ་རོལ་བོར་ཤི་རྨས་ཀྱི་དོན་རྐྱེན་བྱུང་བ་ཡིན་ན། ལྟ་རྟོག་ཁང་གིས་ཤི་རྨས་ལ་སྟོང་དང་གུན་གསབ་འཇལ་དགོས། བཙོན་ཁང་དུ་ཡིན་ན་བཙོན་ཁང་དོ་དམ་ལས་ཁུངས་ཀྱིས་གུན་གསབ་འཇལ་བའི་འགན་ཁུར་དགོས། 

བཙོན་ཁང་དང་ལྟ་རྟོག་ཁང་དུ་ལུས་སྲོག་ལ་གནོད་སྐྱོན་བྱུང་བའི་བཙོན་མ་དང་ཉེས་ཅན་དོགས་ཡོད་མི་སྣ། གྱོད་ཡ་དང་ཚེ་འདས་ཀྱི་ཉེ་དུ་ཡིས་བཙོན་ཁང་དོ་དམ་ལས་ཁུངས་དང་ལྟ་རྟོག་ཁང་གི་ལག་ཏུ་ཤི་རྨས་ཀྱི་གུན་གསབ་ལེན་པར་ཐོག་མར་བཙོན་ཁང་དོ་དམ་ལས་ཁུངས་དང་ཡང་ན་ལྟ་རྟོག་ཁང་ལ་རྒྱལ་ཁབ་གུན་གསབ་སྤྲོད་དགོས་པའི་རེ་ཞུ་བྱེད་དགོས་ཤིང་། ལས་ཁུངས་དེ་དག་གིས་རེ་ཞུ་ལག་ཏུ་སོན་པའི་ཟླ་གཉིས་ཚུན་ནས་གུན་གསབ་སྤྲོད་མིན་གྱི་ཐག་གཅོད་བྱེད་པ་དང་། དོ་བདག་ཐག་གཅོད་དེ་ལ་མོས་མཐུན་མེད་ཚེ་ཐག་གཅོད་བྱས་པའི་ཡིག་ཆ་ལག་ཏུ་སོན་པའི་ཉིན་སུམ་ཅུའི་ཚུན་ལས་ཁུངས་དེ་དག་གིས་གོང་རིམ་ལས་ཁུངས་ལ་བསྐྱར་གྲོས་ཀྱི་རེ་ཞུ་བྱེད་དགོས། གོང་རིམ་ལས་ཁུངས་ཀྱིས་ཀྱང་དོ་བདག་གི་བསྐྱར་གྲོས་རེ་ཞུ་ཡི་གེ་ལག་ཏུ་སོན་པའི་ཟླ་བ་གཉིས་ཀྱི་ཚུན་ལ་ཐག་གཅོད་བྱེད་དགོས་པ་དང་། དོ་བདག་གིས་གོང་རིམ་ལས་ཁུངས་ཀྱི་བསྐྱར་གྲོས་ཀྱི་ཐག་བཅད་ལ་མོས་མཐུན་མེད་ན་མུ་མཐུད་དུ་གོང་རིམ་ལས་ཁུངས་དང་གོ་རིམ་མཉམ་པའི་མི་དམངས་ཁྲིམས་ཁང་གི་གུན་གསབ་ལྷན་ཁང་ལ་རྒྱལ་ཁབ་གུན་གསབ་ཀྱི་རེ་འདུན་ཞུས་ན་ཆོག མི་དམངས་ཁྲིམས་ཁང་གིས་ཉུང་མཐའ་ཟླ་བ་གསུམ་དང་མང་མཐའ་ཟླ་བ་དྲུག་གི་ཚུན་ཏུ་དོ་བདག་ལ་རྒྱལ་ཁབ་གུན་གསབ་སྤྲོད་དགོས་མིན་གྱི་ཐག་གཅོད་བྱེད་དགོས། བཟུང་བཀག་དང་བཙོན་འཇུག་བྱས་པའི་མི་ཤི་རྨས་བྱུང་བའི་ཐད་ལ་བཙོན་ཁང་དང་ལྟ་རྟོག་ཁང་གིས་དོན་རྐྱེན་བྱུང་སྟངས་ལ་གསལ་བཤད་དང་ཁུངས་སྐྱེལ་བྱེད་དགོས་པ་མ་ཟད་འབྲེལ་ཡོད་ཀྱི་བདེན་དཔང་ར་སྤྲོད་བྱེད་པའི་འགན་ཁུར་ཀྱང་ཡོད། རྒྱལ་ཁབ་གུན་གསབ་ཁྲིམས་ཀྱི་དོན་ཚན་༢༦་པ་ལྟར་ན། བཟུང་བཀག་བྱས་པའི་མི་དེ་བཟུང་བཀག་གི་སྐབས་སུ་ཤི་བའམ་བྱ་རྩོལ་གྱི་ནུས་པ་ཡོངས་སུ་ཉམས་ན། གུན་གསབ་འཇལ་འགན་ཡོད་པའི་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱིས་ལས་ཁུངས་དེའི་སྦྱོར་བ་དང་བཟུང་བཀག་གི་མི་དེ་ཤི་བའམ་བྱ་རྩོལ་ནུས་པ་ཡོངས་སུ་ཉམས་པའི་བར་ན་རྒྱུ་རྐྱེན་ཉེར་ལེན་གྱི་འབྲེལ་བ་ཡོད་མེད་ལ་བདེན་དཔང་བྱེད་དགོས་ཞེས་གཏན་དབབ་བྱས་ཡོད་པ་ལྟ་བུ། 

Image result for 国家赔偿标准
རྒྱལ་ཁབ་གུན་གསབ་ཀྱི་ཚད་གཞི།

ཤི་སྟོང་དང་རྨས་འཇལ་གྱི་བརྩི་སྟངས་ནི་འདི་ལྟ་སྟེ། གལ་ཏེ་འདས་རྐྱེན་བཙོན་ཁང་དང་ལྟ་རྟོག་ཁང་གིས་བྱས་པ་ཡིན་ན། གུན་གསབ་འཇལ་འགན་ཡོད་པའི་ལས་ཁུངས་ཀྱིས་ཚེ་འདས་ཚང་ལ་དུར་མཆོད་དང་ཤི་སྟོང་ལ་སོགས་པ་གཞལ་དགོས་པ་དང་། དེའི་གྲངས་ཚད་ནི་རྒྱལ་ཁབ་ཀྱི་ལས་ཀ་བའི་ཆ་སྙོམས་ཀྱི་ལོ་ཕོགས་ཀྱི་ལྡབ་ཉི་ཤུ་ཡིན་པ་མ་ཟད། ཚེ་འདས་ལ་ངལ་རྩོལ་ནུས་པ་བྲལ་བའི་ཕ་མའམ་བུ་ཕྲུག་སོགས་ཡོད་ན་དེ་དག་ལ་གསོ་སྐྱོང་དང་གཉོར་གླ་ཡང་སྤྲོད་དགོས། གལ་ཏེ་བཙོན་མའམ་གྱོད་ཡ། ཡང་ན་ཉེས་དོན་དོགས་ཡོད་མི་སྣའི་དབང་བོ་དང་ཡན་ལག་སྐྱོན་ཅན་དུ་བཏང་སྟེ་དེའི་ངལ་རྩོལ་ནུས་པ་ཡོངས་རྫོགས་སམ་ཆ་ཤས་བརླགས་ན། དེ་ལ་སྨན་བཅོས་ཀྱི་རིན་པ་དང་ནད་གཡོག་གི་རིན་པ། ཡན་ལག་སྐྱོན་ཅན་འཚོ་ཐབས་ཀྱི་ཉེར་སྤྱད་ཉོ་བའི་རིན་པ། བསྐྱར་གསོའི་རིན་པ་དང་མུ་མཐུད་དུ་སྨན་བཅོས་བྱེད་པར་དགོས་ངེས་ཀྱི་རིན་པ་སོགས་སྤྲོད་དགོས་པ་མ་ཟད། དབང་བོ་དང་ཡན་ལག་སྐྱོན་ཅན་དུ་བཏང་བའི་ཡན་སྟོང་ཡང་སྤྲོད་དགོས། དབང་བོ་དང་ཡན་ལག་སྐྱོན་ཅན་དུ་བཏང་བའི་ཡན་སྟོང་དེ་ཡང་རྒྱལ་ཁབ་ཀྱིས་གཏན་དབབ་བྱས་པའི་ཚད་རིམ་ལྟར་འཇལ་སྤྲོད་བྱེད་པ་དང་། ཡན་སྟོང་གི་ཚད་དེ་ལོ་སྔོན་མའི་རྒྱལ་ཁབ་ཀྱི་ལས་ཀ་བའི་ཆ་སྙོམས་ཀྱི་ལོ་ཕོགས་ཀྱི་ལྡབ་ཉི་ཤུ་ལས་བརྒལ་མི་ཆོག གལ་ཏེ་མི་དེའི་ངལ་རྩོལ་བྱེད་པའི་ནུས་པ་ཡོངས་སུ་བརླགས་ན་རྒྱལ་ཁབ་ཀྱིས་ད་དུང་མི་དེར་གཉོར་སྐྱོང་བྱེད་པའི་ངལ་རྩོལ་ནུས་པ་མེད་པའི་མི་འཚོ་གླ་སྤྲོད་དགོས། གལ་ཏེ་ལུས་ལ་རྨས་སྐྱོན་བཟོས་ན། སྨན་བཅོས་ཀྱི་རིན་པ་དང་ནད་གཡོག་གི་རིན་པ། ལས་ཀར་ཞུགས་མ་ཐུབ་པར་ཡོང་སྒོ་ཉུང་རུ་ཕྱིན་པའི་རིན་པ་བཅས་སྤྲོད་དགོས་ཤིང་། ལས་ཀ་ལས་མ་ཐུབ་པའི་དབང་གིས་ཡོང་འབབ་ཉུང་རུ་ཕྱིན་པའི་རིན་ཐང་བརྩི་སྟངས་ཀྱི་ཉིན་རེའི་ཡོང་འབབ་ནི་ལོ་སྔོན་མའི་རྒྱལ་ཡོངས་ཀྱི་ལས་ཀ་བའི་ཉིན་རེའི་ཆ་སྙོམས་ཀྱི་ཕོགས་ལྟར་རྩིས་ཏེ་མང་མཐའ་རྒྱལ་ཡོངས་ཀྱི་ལས་ཀ་བའི་ཆ་སྙོམས་པའི་ལོ་ཕོགས་ཀྱི་ལྡབ་ལྔ་ལས་བརྒལ་མི་ཆོག རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡི་གསལ་བསྒྲགས་ལྟར་ན། ༢༠༡༨་ལོའི་རྒྱལ་ཡོངས་ཀྱི་ལས་ཀ་བའི་ཆ་སྙོམས་ཀྱི་ལོ་ཕོགས་ནི་རྒྱ་སྒོར་༦༨༣༨༠་ཡིན།

གོང་དུ་བཙོན་ཁང་དང་ལྟ་རྟོག་ཁང་དུ་ཡོད་པའི་བཙོན་མ་དང་ཉེས་ཅན་དོགས་ཡོད་མི་སྣ། གྱོད་ཡ་སོགས་ལ་ཤི་རྨས་ཀྱི་གནད་དོན་བྱུང་ཚེ་དེ་དག་དང་དེ་དག་གི་གཉེན་ཉེ་རྣམས་ཀྱིས་རྒྱལ་ཁབ་གུན་གསབ་ཅི་ལྟར་ལེན་པའི་སྐོར་གྱི་ངོ་སྤྲོད་རགས་ཙམ་ཡིན། བོད་ཀྱི་ས་ཁུལ་ནའང་བཙོན་ཁང་དང་ལྟ་རྟོག་ཁང་དུ་བཟུང་བཀག་བྱས་པའི་མི་མང་བོ་ཞིག་ལ་བཙོན་ཁང་དང་ལྟ་རྟོག་ཁང་གིས་མནར་གཅོད་དང་དུས་ལྟར་སྨན་བཅོས་མ་བྱས་པ་དང་ཉེས་རྡུང་བཏང་པ་སོགས་ཀྱི་དབང་གིས་འཆི་བའམ་ཡན་ལག་སྐྱོན་ཅན་དུ་གྱུར་བའམ་རྨས་པ་ལ་སོགས་པའི་གནས་ཚུལ་མང་བོ་བྱུང་གི་ཡོད། དཔེར་ན་ཉེ་བའི་ཆར་མགོ་ལོག་ཨ་ཉ་སེང་སྒྲའི་སྤུན་མཆེད་ཅིག་ཀྱང་དགའ་བདེ་རྫོང་གི་ལྟ་རྟོག་ཁང་དུ་འཛིན་བཟུང་བྱས་ཡོད་པའི་གནས་སྟངས་འོག་ཚེ་ལས་འདས་པ་ལྟ་བུ། ལྟ་རྟོག་ཁང་གི་སྲོལ་ཡིག་དང་བཙོན་ཁང་གི་ཁྲིམས་ལ་སོགས་པའི་གཏན་འབེབས་ལྟར་ན། བཙོན་ཁང་དང་ལྟ་རྟོག་ཁང་གིས་བཙོན་མ་དང་བཟུང་བཀག་བྱས་པའི་མི་ཡི་མི་གཞི་ལ་བརྩི་བཀུར་དང་མི་ལུས་ལ་བདག་སྐྱོང་བྱེད་པའི་འགན་ཁུར་ཡོད་པ་དང་། དེ་དག་གིས་བསམ་བཞིན་དང་འགལ་འཁྲུལ་གྱི་དབང་གིས་བཟུང་བཀག་མི་སྣ་ལ་གནོད་པ་བཟོས་ན་ལས་ཁུངས་དེ་དག་གིས་གུན་གསབ་འཇལ་དགོས་པ་ནི་ཁྲིམས་ཀྱི་བཅས་པ་ཡིན་པས། རྒྱ་ཆེའི་བཟུང་བཀག་མི་སྣ་དང་དེ་དག་གི་གཉེན་ཉེ་རྣམས་ཀྱིས་དུས་ལྟར་འབྲེལ་ཡོད་ལས་ཁུངས་ལ་གཤིན་སྟོང་དང་སྨན་རིན། སྙིང་གནོན་ལ་སོགས་པའི་རྒྱལ་ཁབ་གུན་གསབ་འཇལ་དགོས་ཞེས་རེ་ཞུ་འདོན་པའི་ཐོབ་ཐང་ཡོད་པ་ཤེས་ན་བཟང་།