དྲ་རྩོམ་འདིའི་བརྗོད་བྱ་ཉིད་འདུས་ནི། སློབ་གསོ་པུའུ་ཡིས་ཉེ་ཆར་གྲངས་ཉུང་མི་རིགས་ས་ཁུལ་གྱི་བྱིས་སྐྱོང་ཁང་དུ་བྱིས་པ་རྣམས་ལ་གཉོར་སྐྱོང་དང་སློབ་གསོ་གཏོང་སྐབས་ངེས་པར་དུ་རྒྱའི་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་ཞེས་པའི་བརྡ་སྦྱོར་ཞིག་སྤེལ་ཡོད་པ་དེ་བོད་རིགས་འདུས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྐད་ཡིག་ཐོབ་ཐང་དང་རྒྱལ་ཁབ་ཀྱི་ཁྲིམས་ལ་ཇི་ལྟར་འགལ་ཡོད་པ་འགྲེལ་བརྗོད་བྱས་ཏེ། དེང་སྐབས་བློ་འཚབ་སྐྱེས་དགོས་པའི་སྐད་ཡིག་སྲིད་ཇུས་རབ་དང་རིམ་པ་སྤེལ་བཞིན་པའི་སྐབས་འདིར། ང་ཚོས་ཇི་ཞིག་བྱུང་བཞིན་པ་དང་། དེས་ང་ཚོར་ཕན་གནོད་གང་ཞིག་བསྐྱེད་པ་ལ་ངེས་ཟིན་གསལ་བོ་ཡོད་དགོས་པ་མ་ཟད། གནད་དོན་ལ་གདོང་ལེན་དང་ཐག་གཅོད་ཀྱི་ལམ་ག་དང་ལས་དོན་གང་གང་ང་ཚོས་བསྒྲུབ་དགོས་པ་བཅས་ལ་ངེས་ཤིང་ཤེས་བ་དེ་ཡང་གལ་ཆེ། འདིའི་སྐོར་ལ་ངས་མུ་མཐུད་དུ་བགྲོ་གླེང་དང་རྒྱུ་ཆ་གཞན་སྤེལ་ངེས་ཡིན།

ཉེ་ཆར་སློབ་གསོ་པུའུ་ཡི་གཞུང་སྒྲུབ་ཐིན་གྱིས་སློབ་ལོ་སྔོན་གྱི་བྱིས་པར་རྒྱའི་ཐུན་མོང་གི་སྐད་ཆའི་སློབ་གསོ་སྤེལ་བར་བྱིས་པ་ཐམས་ཅད་ཀྱི་སྐད་ངག་གཅིག་གྱུར་གྱི་འཆར་གཞིའི་བརྡ་སྦྱོར་ཞེས་བྱ་བའི་ཡིག་ཆ་ཞིག་སྤེལ་ཏེ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་སྒོ་ནས་སློབ་ཁྲིད་དང་གཉོར་སྐྱོང་བྱེད་གིན་མེད་པའི་མི་རིགས་ས་ཁུལ་གྱི་་བྱིས་སྐྱོང་ཁང་་ཡོངས་ཀྱིས་༢༠༢༡་ལོའི་སྟོན་མགོར་ངེས་པར་དུ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གིས་སློབ་ཁྲིད་དང་གཉོར་སྐྱོང་བྱེད་དགོས་པའི་བཀའ་བབས། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་༢༠༢༡ལོ་ནས་༢༠༢༥་ལོའི་བར་གྱི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་འཆར་གཞི། དེ་བཞིན་དུ་ཀྲུང་གོ་སྲིད་གཞུང་གིས་ངོས་ལེན་བྱས་པའི་བྱིས་པའི་ཐོབ་ཐང་གི་འཆིང་ཆིངས་ཡིག་བཅས་ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ། ང་ཚོས་སློབ་གསོ་པུའུ་ཡི་བརྡ་སྦྱོར་དེ་རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་ལམ་ལུགས་ལ་འགལ་ཡོད་པ་མ་ཟད། ཁྲིམས་སྐྱོང་གི་རྩ་དོན་དང་། བྱིས་པ། ཁྱིམ་ཚང་བཅས་ཀྱི་ཐོབ་ཐང་ལའང་གནོད་པ་བསྐྱལ་་ཡོད་པར་འདོད། རྒྱུ་མཚན་ནི་གཤམ་དུ་གསལ་བ་ལྟར། 

དང་པོ། རྩ་ཁྲིམས་ཀྱི་དོན་ཚན་༡༡༩་ཡིས་མི་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་འཐུས་མི་ཨུ་ཡོན་ལྷན་ཁང་དང་མི་དམངས་སྲིད་གཞུང་ལ་རང་གི་རང་སྐྱོང་ས་ཁུལ་གྱི་སློབ་གསོ་དང་ཚན་རིག་རིག་གནས་སོགས་ཀྱི་ལས་དོན་ལ་རང་ཐག་རང་གཅོད་ཀྱི་འགན་དབང་སྤྲད་ཅིང་། ཐབས་ལམ་གང་ལ་བརྟེན་ནས་རང་སྐྱོང་ས་ཁུལ་དུ་སྐད་གཉིས་སློབ་གསོ་་དང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དང་རང་སྐྱོང་ས་ཁུལ་གྱི་མི་རིགས་སྐད་ཡིག་དར་སྤེལ་བྱེད་པ་ནི་རང་སྐྱོང་དབང་འཛིན་ལས་ཁུངས་དེ་གཉིས་ཀྱི་དབང་ཁོངས་སུ་གཏོགས་པའི་བྱ་གཞག་དང་འགན་དབང་ཡིན་ཕྱིན། རྒྱལ་ཁབ་ཀྱི་ལས་ཁུངས་གཞན་དང་གང་ཟག་བཅས་ཀྱིས་དབང་ཁོངས་དེ་ལ་བརྩི་བཀུར་བྱས་ཏེ་ཐེ་གཏོགས་མི་བྱེད་པ་གལ་ཆེ། ཁྲིམས་བཟོའི་བཅའ་ཁྲིམས་ལྟར་ན། གལ་ཏེ་མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་ལོ་སྔོན་གྱི་བྱིས་པ་དག་གི་སློབ་གསོའི་སྐད་ཡིག་ལ་འགྱུར་བ་གཏོང་དགོས་ན། ཐོག་མར་མི་རིགས་རང་སྐྱོང་ས་ཁུལ་དེའི་མི་དམངས་འཐུས་མི་ཚོགས་ཆེན་སྟེང་གྲོས་མགོ་བཟུང་སྟེ་གྲོས་བསྡུར་དང་གྲོས་ཆོད་བརྒྱུད་ནས་སྔར་གྱི་མི་མཐུན་པའི་སྲོལ་ཡིག་ཁག་ལ་བསྒྱུར་བཅོས་བཏང་བའི་རྗེས་སུ། རང་སྐྱོང་ས་ཁུལ་གྱི་མི་དམངས་སྲིད་གཞུང་གིས་དེ་ལག་བསྟར་གྱི་འཆར་གཞི་འགོད་དུ་འཇུག་དགོས་པ་ལས། སློབ་གསོ་པུའུ་ཡིས་ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག་པའི་དཔེ་ལྟར་འཕྲལ་དུ་ཡིག་ཆ་ཞིག་ལ་བརྟེན་ནས་དེ་ལྟར་བསྒྱུར་དགོས་ཞེས་བཀའ་བབས་ན་རང་སྐྱོང་ཁྲིམས་ལུགས་ཀྱི་སྒྲོམ་གཞི་དང་བྱེད་ནུས་ཡོངས་སུ་ནུས་མེད་དུ་གཏོང་ངེས། སློབ་གསོ་པུའུ་ཡི་བརྡ་སྦྱོར་གྱི་ནང་དུ་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ནས་སློབ་ལོ་སྔོན་གྱི་བྱིས་པ་རྣམས་ལ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ནུས་པ་མཐོར་འདེགས་གཏོང་ཕྱོགས་ཀྱི་ལས་དོན་ལ་སློབ་གསོ་པུའུ་ཡིས་རྒྱབ་སྐྱོར་བྱེད་པ་མ་ཟད། ཐོག་མར་ཚོད་ལྟའི་ས་ཁུལ་ནས་ལག་ལེན་བྱས་ཏེ་རིམ་གྱིས་ཞིང་ཆེན་ཡོངས་སུ་དར་སྤེལ་དང་རྐང་ཚུགས་པར་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་དགེ་སློབ་གྱི་སྤྱི་སྤྱོད་སྐད་ཡིག་གི་ནུས་པ་མཐོར་འདེགས་ལ་ཐབས་ལམ་གསར་བ་འཚོལ་བར་སྐུལ་སློང་བྱེད་གི་ཡིན་ཞེས་ཀྱང་བསྟན་ཡོད་པ་དེས་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་རང་སྐྱོང་སྲོལ་ཡིག་སློབ་གསོ་པུའུ་ཡིས་སྣང་མེད་དུ་བཞག་སྟེ་གཏོར་བཤིག་བཏང་བ་རེད། དཔེར་ན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་ལས་དོན་སྲོལ་ཡིག་གི་དོན་ཚན་༢༤་བའི་ནང་དུ། རང་སྐྱོང་ཁུལ་གྱི་མི་རིགས་བྱིས་སྐྱོང་ཁང་དུ་བོད་སྐད་ཡིག་གཙོ་བྱས་པའི་བྱིས་པའི་སློབ་གསོའི་སློབ་ཚན་འཇོག་དགོས་ཤིང་། མི་མང་སྒེར་གྱིས་བཙུགས་པའི་བྱིས་སྐྱོང་ཁང་སྣ་ཚོགས་སུའང་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ་བོད་སྐད་ཡིག་གི་སློབ་ཚན་འཇོག་དགོས་ཞེས་གཏན་དབབ་གསལ་གསལ་ཐིང་ཐིང་བྱས་ཡོད་འདི་དག་ནི་རང་སྐྱོང་ས་ཁུལ་གྱི་མི་དམངས་ཀྱི་མངོན་འདོད་མཚོན་པའི་ས་གནས་ཁྲིམས་སྲོལ་ཡིན་སྟབས་སློབ་གསོ་པུའུ་ལ་རང་སྐྱོང་སྲོལ་ཡིག་འདི་དག་ཐད་ཀར་་ནུས་མེད་དུ་གཏོང་བའི་དབང་ཐང་རྩ་བ་ཉིད་ནས་མེད་པ་རྩ་ཁྲིམས་དང་ཁྲིམས་བཟོའི་ཁྲིམས་ཀྱི་ནང་དུ་གསལ་བོར་བཅས་ཡོད། 

གཉིས་པ། མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་༣༦་གི་ནང་དུ་མི་རིགས་ས་ཁུལ་གྱི་དབང་འཛིན་ལས་ཁུངས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་སློབ་གསོའི་འཆར་གཞི་དང་ཁྲིམས་ལུགས་ལ་བརྟེན་ནས་རང་གི་ས་ཁུལ་གྱི་སློབ་གསོའི་ལས་དོན་གྱི་འཆར་འགོད་ཀྱི་ཐག་གཅོད་དགོས་པ་མ་ཟད། སློབ་གྲྭའི་རིགས་དང་རིམ་པ། སློབ་ཁྲིད་ཀྱི་བརྗོད་བྱ་དང་སློབ་ཁྲིད་བྱེད་པའི་སྐད་ཡིག་གང་དག་བཀོལ་སྤྱོད་བྱེད་དགོས་མིན་སོགས་ཀྱང་ཐག་གཅོད་བྱེད་དགོས་ཞེས་གཏན་འཁེལ་བྱས་ཡོད་པས་ན་། སློབ་གསོ་པུའུ་ཡི་བརྡ་སྦྱོར་དེ་གཞི་རྩའི་ཁྲིམས་ལུགས་ཀྱི་དོན་ཚན་འདི་ལའང་འགལ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་ལོ་ཚད་དེ་སློབ་ཆུང་འཛིན་རིམ་དམའ་བའམ་འཛིན་རིམ་མཐོ་བ་ནས་འགོ་བརྩམས་ན་གྲངས་ཉུང་མི་རིགས་ཀྱི་བྱིས་པ་དང་སློབ་མའི་ལུས་སེམས་ཀྱི་དགོས་མཁོ་དང་མཐུན་པ་མ་ཟད་བསླབ་བྱ་ཁག་བདེ་བླག་ངང་རྒྱུད་ལ་འབྱོར་ཐུབ་པའི་ཕན་ཡོན་ལ་དམིགས་ཏེ། སྐབས་དྲུག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་བཅའ་སྐབས། གྲངས་ཉུང་མི་རིགས་ཀྱི་སློབ་མ་མང་ཤོས་ཡིན་པའི་སློབ་གྲྭ་དང་འཛིན་གྲྭ་དང་སློབ་གསོའི་སྡེ་ཁག་བཅས་ཀྱི་ནང་དུ་ཆ་རྐྱེན་ཚང་ན་ངེས་པར་དུ་གྲངས་ཉུང་མི་རིགས་དེའི་སྐད་ཡིག་གི་བསླབ་་དེབ་བཀོལ་སྤྱོད་བྱས་ཏེ་དེའི་སྐད་ཡིག་ལ་བསྟེན་ནས་སློབ་ཁྲིད་བྱེད་དགོས་ཤིང་། དངོས་ཡོད་གནས་སྟངས་ལ་དཔག་སྟེ་སློབ་ཆུང་འཛིན་གྲྭ་དམའ་བའམ་མཐོ་བ་ནས་བཟུང་སྟེ་ད་གཟོད་རྒྱའི་སྐད་ཡིག་གི་སློབ་ཚན་བཞག་སྟེ་སློབ་ཁྲིད་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དར་སྤེལ་བྱེད་དགོས་ཞེས་བཅས་པ་མཛད་པ་རེད། སློབ་གསོ་པུའུ་ཡིས་ཨུ་ཚུགས་མཐར་སྐྱེལ་གྱིས་གྲངས་ཉུང་མི་རིགས་བྱིས་པས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་པའི་ལོ་ཚད་སྔུན་ལ་བསྣུར་བའི་སྲིད་འཛིན་ཡིག་ཆ་དེམི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་རྩ་དོན་འདི་ལའང་མངོན་སུམ་དུ་འགལ། མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ནི་རྩ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཇི་ལྟར་ལག་ལེན་དུ་གདབ་པའི་རྨང་གཞི་དང་རྩ་དོན་རང་བཞིན་ཅན་གྱི་ཁྲིམས་ལུགས་ཡིན་པའི་རྒྱུ་མཚན་གྱིས་སློབ་གསོ་པུའུ་ཡིས་ཁྲིམས་ལུགས་དེ་ལ་གུས་བཀུར་དང་ལག་བསྟར་བྱེད་པ་ལས་བཤིག་མི་རུང་། 

གསུམ་པ། མི་རིགས་སོ་སོར་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གྱི་རང་དབང་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་བཀོལ་སྤྱོད་བྱེད་སྟངས་དེ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ལ་སོགས་པའི་ཁྲིམས་ལུགས་གཞན་དག་གི་གཏན་འཁེལ་ལ་བསྟུན་དགོས་ཞེས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྲིམས་ཀྱི་ནང་དུ་ཁ་གསལ་པོར་གཏན་འབེབས་བྱས་ཤིང་། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ནི་མི་རིགས་རང་སྐྱོང་ས་ཁུལ་གྱི་དབང་མཛད་ལས་ཁུངས་རྣམས་ཀྱིས་རང་རང་སོ་སོའི་ས་ཁུལ་གྱི་མི་རིགས་སློབ་གསོའི་ལས་དོན་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཇི་ལྟར་དར་སྤེལ་བྱེད་པར་གཞི་འཛིན་སའི་ཁྲིམས་ལུགས་གཙོ་བོ་ཡིན། མི་རིགས་རང་སྐྱོང་ས་ཁུལ་དུ་རང་སྐྱོང་མི་རིགས་ཀྱི་སྐད་ཡིག་ཀྱང་རང་སྐྱོང་ས་ཁུལ་དེའི་སྤྱི་སྤྱོད་སྐད་ཡིག་ཡིན་པའི་རྒྱུ་མཚན་གྱིས། མི་རིགས་རང་སྐྱོང་ས་ཁུལ་གྱི་སྐད་ཡིག་དར་སྤེལ་དང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དར་སྤེལ་གྱི་འབྲེལ་བ་ནི་གཅིག་ཕན་གཅིག་གྲོགས་ཀྱི་འབྲེལ་བ་ཡིན་པ་ལས་ཆུ་དང་མེ་ལྟར་ཁྱོད་ཤི་ང་གསོན་གྱི་འབྲེལ་བ་ཞིག་ག་ལ་ཡིན། སློབ་གསོ་པུའུ་ཡིས་སྐད་ཡིག་འདི་གཉིས་ཀྱི་འབྲེལ་བ་ལོག་འགྲེལ་བྱས་ཏེ་གཅིག་ལ་ཕན་ཞིང་གཅིག་ལ་གནོད་པའི་སྲིད་ཇུས་བཟོས་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་བྱིས་སྐྱོང་ཁང་དུ་གཉོར་སྐྱོང་དང་སློབ་ཁྲིད་བྱེད་སྐབས་རྒྱའི་སྐད་ཡིག་མ་གཏོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིགབཀོལ་སྤྱོད་བྱེད་མི་ཆོག་ཅེས་ཐག་བཅད་པ་དེ་ཡང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ཀྱི་དགོངས་གཞི་དང་མི་མཐུན་པ་མངོན་སུམ་དུ་གྲུབ། ད་ལྟར་གྲངས་ཉུང་མི་རིགས་ས་ཁུལ་གྱི་གྲངས་ཉུང་མི་རིགས་མང་ཚོགས་ཕལ་ཆེ་བས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ཀྱི་ཆུ་ཚད་དེ་ལྟོས་འཇོག་གིས་མཐོ་བར་བཤད་ན་ཆོག་མོད། འོན་ཀྱང་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་གྱི་རྒྱ་རིགས་ལས་བྱེད་པ་དང་མང་ཚོགས་ཀྱི་གྲས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་ཇེ་ཉུང་དང་ཇེ་ཞན་དུ་འགྲོ་བཞིན་པ་ནི་མཐོང་ཆོས་སུ་གྱུར་ཡོད། མི་རིགས་རང་སྐྱོང་དབང་འཛིན་ལས་ཁུངས་དག་གིས་ཀྱང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་དང་རྒྱབ་སྐྱོར་ཇེ་ཞན་དང་ཇེ་ཞན་རེད། དེས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྤྱི་ཚོགས་ཀྱི་གྲས་སུ་རྒྱང་ཕུད་བཏང་བས་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣ་ཡང་རིམ་གྱིས་སྤྱི་ཚོགས་ཀྱི་གྲལ་མཐར་དེད་དང་འདེད་མུས་ཡིན། སྣང་ཚུལ་འདི་དག་གིས་མི་རིགས་རང་སྐྱོང་ས་ཁུལ་གྱི་མི་རིགས་དབར་གྱི་འབྲེལ་ལམ་དང་མཐུན་སྒྲིལ་ལ་གནོད་པ་ཆེན་པོ་བསྐྱལ་ཡོད་པ་རེད།

བཞི་བ། ༢༠༡༨་ལོའི་ཟླ་༩་བའི་ནང་འཛམ་གླིང་སྐད་ཡིག་ཐོན་ཁུངས་སྲུང་སྐྱོབ་ཚོགས་འདུ་ཀྲུང་གོའི་ཧོའི་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་གཡུ་ལོ་ས་ཁུལ་དུ་འཚོགས་ཤིང་། ཚོགས་ཐོག་དེར་བསྒྲགས་པའི་འཛིམ་གླིང་སྐད་ཡིག་སྣ་ཚོགས་རང་བཞིན་ཅན་གྱི་ངོ་བོ་ལ་སྲུང་སྐྱོབ་དང་དར་སྤེལ་གྱི་གཡུ་ལོའི་དམ་ཚིག་ཅེས་བྱ་བའི་ནང་དུ། སྐད་ཡིག་སྣ་ཚོགས་ཅན་གྱི་ངོ་བོ་ལ་སྲུང་སྐྱོབ་དང་དར་རྒྱས་སུ་བཏང་ན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་ཕ་སྐད་ཀྱི་ལྐོག་གྱུར་གྱི་ནུས་པ་དང་འདོད་འདུན་གྱིས་དྲངས་པའི་རྩོལ་བ་མཐོར་འདེགས་ལ་ཕན་པ་དང་། དེའི་ནང་དུ་མི་རྣམས་བྱིས་པའི་དུས་ནས་བཟུང་སྟེ་ཕ་སྐད་རྒྱུན་འཛིན་དང་ཕ་སྐད་ལ་བརྟེན་ནས་སློབ་གསོ་ཐོབ་པའི་ཐོབ་ཐང་ཡང་འདུས་ཡོད་ཅེས་སྤྱི་མཐུན་གྱི་དམ་བཅའ་བཞག་ཅིང་། ༢༠༢༡་ལོ་ནས་༢༠༢༦་ལོའི་བར་གྱི་ཀྲུང་གོའི་འགྲོ་མིའི་ཐོབ་ཐང་གི་འབད་རྩོལ་འཆར་གཞི་ཞེས་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆའི་ནང་དུ་ཡང་གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གྱི་ཐོབ་ཐང་ལ་སྲིད་གཞུང་གིས་འགན་ཁུར་ཏེ་མཐུན་རྐྱེན་སྦྱོར་བ་དང་། ཁྲིམས་ལུགས་ཀྱི་གཏན་དབབ་ལྟར་མི་རིགས་ལས་དོན་འཛིན་སྐྱོང་བྱས་ཏེ། ཕྱོགས་ཡོངས་ནས་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ནན་ཏན་གྱིས་ལག་བསྟར་བྱེད་ཅེས་ཡང་བསྐྱར་གསལ་འདེབས་བྱས་ཤིང་། དེ་བཞིན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་ཀྲུང་གོའི་བྱིས་པ་དར་རྒྱས་རྩ་འཛིན་ཡིག་ཆ་ཞེས་པའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་བྱིས་པར་རང་གི་སྐད་ཡིག་བཀོལ་སྤྱོད་ཀྱིས་སློབ་གསོ་ཐོབ་པའི་ཐོབ་ཐང་ཡོད་པ་ལ་རྒྱལ་ཁབ་ཀྱིས་བརྩི་བཀུར་དང་འགན་ཁུར་བྱེད་རྒྱུ་ཡིན་ཞེས་གལ་བོ་ཆེ་ལ་ནན་ཏན་གྱིས་ཁྱབ་བསྒྲགས་བྱས་ཡོད་ལ། དེར་མ་ཟད་སློབ་གསོ་པུའུ་རང་ཉིད་ཀྱིས་རྒྱ་སྒོར་བྱེ་བ་གཉིས་དང་ས་ཡ་གསུམ་གྱི་ཞིབ་འཇུག་འགྲོ་གྲོན་བཏང་སྟེ་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་དར་སྤེལ་སྐོར་གྱི་འཆར་འགོད་རྩ་འཛིན་ཡིག་ཆ་ཞེས་པའི་ནང་ནའང་གྲངས་ཉུང་མི་རིགས་ཀྱི་བྱིས་པས་རང་གི་སྐད་ཡིག་བཀོལ་སྤྱོད་ཀྱིས་སློབ་གསོ་ཐོབ་པའི་ཐོབ་ཐང་ལ་རྒྱལ་ཁབ་ཀྱིས་བརྩི་བཀུར་དང་འགན་ཁུར་བྱེད་རྒྱུ་ཡིན་ཅེས་གསལ་ཁ་བཏད་དེ་གཏན་ལ་ཕབ་ཡོད་པས། སློབ་གསོ་པུའུ་ཡི་སྔ་ཚིག་ཕྱི་ཚིག་གིས་མི་ནོན། རྐང་རྗེས་ལག་པས་མི་བསུབས་པའི་བརྡ་སྦྱོར་ཡིག་ཆ་འདི་ཡིས་མི་རྣམས་ཀྱིས་མི་རིགས་སྐོབ་གསོ་ལས་དོན་གྱི་སྲིད་འཛུན་ཁྲིམས་སྲོལ་ཚད་གཞི་གང་ལ་བསྟེན་དགོས་མིན་མགོ་རྨོངས་བར་བྱས། ཁྱིམ་ཚང་དང་ཨ་མ། བྱིས་པ་བཅས་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པ་དང་།  སློབ་གསོ་པུའུ་ཡིས་བྱིས་སྐྱོང་ཁང་གི་དགེ་རྒན་གྱིས་བྱིས་པ་གཉོར་སྐྱོང་དང་སློབ་གསོ་གཏོང་སྐབས་ངེས་པར་དུ་རྒྱ་སྐད་རྒྱ་ཡིག་བཀོལ་སྤྱོད་བྱེད་དགོས་ཞེས་པའི་བཀའ་བཙན་དེ་ཡིས་གྲངས་ཉུང་མི་རིགས་ཀྱི་བྱིས་པའི་སྐད་ཡིག་གི་ཐོབ་ཐང་དང་རང་དབང་ཁྲིམས་འགལ་གྱིས་་བཙན་འཕྲོག་དང་དེ་ལ་ཚད་བཀག་བྱས་པ་མ་ཟད་། བྱིས་པ་དང་ཕ་མའི་དབར་གྱི་འབྲེལ་འདྲིས་དང་བྱམས་བརྩེལའང་གནོད་པ་དང་བར་ཆད་བྱས་ཏེ་བྱིས་པ་དེ་དག་བདེ་ཐང་དང་དགའ་སྤྲོའི་ངང་འཚར་་ལོངས་འབྱུང་བའི་གེགས་སུ་གྱུར་བས། དེས་གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་ལ་དགོས་མེད་ཀྱི་སྡུག་བསྔལ་དང་དབྱེ་འབྱེད་བྱས་ཡོད། 

ལྔ་བ། རང་རེའི་རྒྱལ་ཁབ་ཀྱིས་མིང་རྟགས་བཀོད་ཅིང་ལག་བསྟར་ལ་མོས་མཐུན་བྱུང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཐད་ཀྱི་ཆིངས་ཡིག་གི་ནང་དུ། བྱིས་པ་ལ་སློབ་གསོ་སྤྲད་པའི་དམིགས་ཡུལ་ནི་བྱིས་པ་དེའི་སྒེར་གཤིས་དང་། ཤེས་རབ། ལུས་སེམས་ཀྱི་ནུས་ཤུགས་བཅས་ཅི་ནུས་གྱིས་ཡར་རྒྱས་སུ་བཏང་སྟེ། བྱིས་པས་རང་ཉིད་ཀྱི་ཕ་མ་དང་རིག་གནས། སྐད་ཡིག་དང་རིན་ཐང་གི་ལྟ་བ། རང་ཉིད་ཡོད་སའི་རྒྱལ་ཁབ་ཀྱི་མི་རིགས་ཀྱི་ལྟ་སྟངས་བཅས་ལ་མོས་མཐུན་དང་བརྩི་བཀུར་གྱི་བསམ་སྦྱོར་བསྐྱེད་བསྲིང་བྱེད་པ་དེ་ཡིན་པ་དང་། གྲངས་ཉུང་མི་རིགས་སྣ་མང་འདུས་སྡོད་ཀྱི་རྒྱལ་ཁབ་དུ་སྲིད་གཞུང་གིས་མི་རིགས་དེ་དག་གིས་རང་གི་རིག་གནས་རྒྱུན་འཛིན་ལོངས་སྤྱོད་དང་སྐད་ཡིག་བཀོལ་སྤྱོད་བཅས་ཀྱི་ཐོབ་ཐང་ཚར་གཅོད་དང་བཀག་འགོག་བྱས་མི་ཆོག་ཅེས་བསྟན་ཡོད་པ་ཆིངས་ཡིག་དེའི་དོན་ཚན་༢༩་དང་༣༠་རུ་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། གྲངས་ཉུང་མི་རིགས་ཀྱི་བྱིས་པ་རྣམས་ལ་་རང་གི་ཕ་སྐད་ཀྱི་ལམ་ནས་སློབ་གསོ་ཐོབ་ན་སྦྱངས་འབྲས་བཟང་བོ་ལོན་པ་དང་། གལ་ཏེ་རང་གི་ཕ་སྐད་བཀོལ་རུང་གི་གནས་སྟངས་འོག་བཀོལ་སྤྱོད་བྱེད་པར་བར་ཆད་དང་བཀག་འགོག་སོགས་བྱས་ན་དེ་ནི་མི་རིགས་ཁྱད་གསོད་ཀྱི་ངོ་བོར་འགྱུར་སྲིད་པས་འགྲོ་བ་མིའི་ཐོབ་ཐང་ལ་གནོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་བསྐངས་བའི་རྒྱལ་སྤྱིའི་སློབ་གསོའི་ཚོགས་འདུའི་སྟེང་དུའང་ཕ་སྐད་ཀྱིས་སློབ་ཁྲིད་བྱེད་པར་བཀག་འགོག་བྱས་ན་སློབ་མའི་སློབ་སྦྱོང་ལ་བར་ཆད་ཚབས་ཆེན་བསྐྱེད་པས། རྨང་གཞིའི་སློབ་གསོའི་སྐབས་སུ་ངེས་པར་སློབ་མའི་ཕ་སྐད་ལ་བརྟེན་ནས་སློབ་གསོ་སྤྲོད་དགོས་པའི་བསམ་ཚུལ་བཏོན། དེར་མ་ཟད། ཀྲུང་གོ་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་བྱིས་པའི་ཐོབ་ཐང་ཆིངས་་ཡིག་ཀྲུང་གོ་ནས་ལག་བསྟར་བྱས་པའི་རྣམ་པ་ཅེས་པའི་ཡིག་ཆའི་ནང་ན། ཀྲུང་གོ་རྒྱལ་ཁབ་ཀྱི་ཁོངས་སུ་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཐམས་ཅད་ལ་ཁྲིམས་ལུགས་ཀྱི་སྟེང་ནས་རྒྱ་རིགས་བྱིས་པ་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད་པས་མི་ཚད། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་མཐུན་རྐྱེན་སྦྱར་ཏེ་གྲངས་ཉུང་མི་རིགས་ཀྱི་བྱིས་པ་རྣམས་ཀྱིས་སློབ་གསོ་དང་རང་གི་ཕ་སྐད་བཀོལ་སྤྱོད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པར་བཏང་ཡོད་ཅེས་གསལ་བོར་བསྟན་ཡོད། སློབ་གསོ་པུའུ་ཡི་ཡིག་ཆ་འདི་གོང་འཁོད་ཀྱི་ཆིངས་་ཡིག་དང་ཀྲུང་གོ་རྒྱལ་ཁབ་ཀྱིས་ཆིངས་་ཡིག་དེའི་སྐོར་གྱི་སྙན་ཞུ་བཅས་ལ་མངོན་སུམ་དུ་འགལ་ཡོད། ནལ་སུན་་མན་རྡ་ལ་ཡིས་མི་ཞིག་ལ་མི་དེས་གོ་བའི་སྐད་ཡིག་ཡིས་བསླབ་བྱ་བཏང་ན་མི་དེས་བསླབ་བྱ་ཀླད་པའི་ནང་དུ་འཛིན་པ་དང་། མི་ཞིག་ལ་མི་དེའི་སྐད་ཡིག་གིས་བསླབ་བྱ་བཏང་ན་མི་དེས་བསླབ་བྱ་སྙིང་དབུས་སུ་འཛིན་ངེས་ཞེས་བཤད་པ་ལྟར། གལ་ཏེ་སྲིད་གཞུང་གི་ཀྲུང་ཧྭ་མི་རིགས་སྤྱི་ཕུང་གི་འདུ་ཤེས་དེ་ཀྲུང་ཉུང་མི་རིགས་ཀྱི་བྱིས་པ་རྣམས་ཀྱི་སེམས་གཏིང་དུ་འཇོག་འདོད་ན། བྱིས་པ་དེ་དག་གི་ཕ་སྐད་ལ་བརྟེན་ནས་སློབ་གསོ་གཏོང་བ་ནི་ཐབས་ལམ་རྨད་བྱུང་ཁྱད་འཕགས་ཤིག་ཡིན་པ་གདོན་མི་ཟའོ། 

དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་སྒྲིག་སྲོལ་བཅའ་བའི་བརྒྱུད་རིམ་སྲོལ་ཡིག་ཅེས་པའི་དོན་ཚན་གསུམ་པའི་ནང་། སྒྲིག་སྲོལ་བཅའ་སྐབས་ངེས་པར་དུ་ཏང་གི་ལམ་ཕྱོགས་དང་སྲིད་ཇུས། བཀོད་འདོམས་བཅས་ལ་བསྟུན་དགོས་ཤིང་། ཁྲིམས་བཟོ་ཁྲིམས་ཀྱིས་བཅས་པའི་ཁྲིམས་བཟོའི་རྩ་དོན་ལའང་བསྟུན་དགོས་པ་མ་ཟད། རྩ་ཁྲིམས་དང་ཁྲིམས་ལུགས། སྲིད་འཛིན་ཁྲིམས་སྲོལ་དང་གོང་རིམ་པའི་ཁྲིམས་སྲོལ་བཅས་ཀྱི་གཏན་འབེབས་དང་ཡང་མཐུན་དགོས། ཁྲིམས་ལུགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་སྲོལ་དང་ཐག་བཅད། བཀའ་བསྒོ་བཅས་ཀྱི་གཞི་འཛིན་ས་མེད་པར། སྡེ་ཁང་གི་སྒྲིག་སྲོལ་གྱིས་སྤྱི་དམངས་དང་ཁྲིམས་མི་དང་ཚོགས་སྡེ་གཞན་གྱི་ཐོབ་ཐང་འཕྲི་འཐེན་བྱས་མི་ཆོག་ལ་འོས་འགན་འཕར་སྣོན་ཡང་བྱས་མི་ཆོག་ཅེས་གཏན་འཁེལ་གསལ་བོ་བྱས་ཡོད་པས་ན། སློབ་གསོ་པུའི་ཡིས་གྲངས་ཉུང་མི་རིགས་ཀྱི་སློབ་ལོ་སྔོན་གྱི་བྱིས་པས་རང་གི་སྐད་ཡིག་སློབ་སྦྱོང་གི་ཐོབ་ཐང་འཕྲི་འཐེན་གྱིས། གྲངས་ཉུང་མི་རིགས་ཀྱི་སློབ་ལོ་སྔོན་གྱི་བྱིས་པས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་དགོས་པའི་འོས་འགན་འཕར་བསྣན་བྱེད་སྟངས་འདི་སྲོལ་ཡིག་འདི་དང་འགལ་བ་མ་ཟད། སྲོལ་ཡིག་དེའི་དོན་ཚན་༩་བའིནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁང་གཉིས་ཡན་གྱི་དབང་ཆ་དང་འགན་ཁུར་ལ་འབྲེལ་ཐོགས་ཡོད་པའི་ལས་དོན་ལ་སྲིད་འཛིན་ཁྲིམས་སྲོལ་བཟོ་བའི་དུས་ལ་མ་བབ་པར་སྒྲིག་སྲོལ་བཅའ་དགོས་བྱུང་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁང་གིས་ངེས་པར་དུ་མཉམ་འབྲེལ་གྱིས་སྒྲིག་སྲོལ་བཟོ་དགོས་ཤིང་། གལ་ཏེ་གོང་འཁོད་ཀྱི་གནས་སྟངས་འོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁང་གིས་རང་དགར་གྱིས་སྒྲིག་སྲོལ་བཟོས་ན་སྒྲིག་སྲོལ་དེ་རིགས་ལ་ནུས་པ་མེད་ཅེས་གཏན་འབེབས་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་ལས་དོན་ལྷན་ཁང་གི་འགན་དབང་ནི་མི་རིགས་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་འཆར་འགོད་འབྲི་བ་དང་། མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་ལག་བསྟར་ལ་བརྟག་དཔྱད་མཛུབ་སྟོན་དང་མཐུན་སྦྱོར་བྱེད་པ། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ལས་དོན་ལ་དོ་དམ་བྱེད་པ་སོགས་ཡིན་པས། སློབ་གསོ་པུའུ་ཡིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་ལོ་སྔོན་གྱིས་སློབ་གསོའི་འཆར་འགོད་ངེས་པར་དུ་མི་རིགས་ལས་དོན་ལྷན་ཁང་དང་གྲོས་བསྡུར་གྱིས་དེ་གཉིས་ཀྱི་མིང་ཐོག་ནས་སྲིད་ཇུས་བཟོ་དགོས་པ་ལས། མི་རིགས་ལས་དོན་ལྷན་ཁང་ལ་མ་བསྟུན་པར་སློབ་གསོ་པུའུ་རང་གི་མིང་ཐོག་ནས་མི་རིགས་སློབ་གསོ་ལ་འབྲེལ་བ་ཡོད་པའི་སྒྲིག་སྲོལ་དང་ཡིག་ཆ་རང་འདོད་ཀྱིས་སྤེལ་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲོལ་ཡིག་འདི་ལའང་འགལ་ཡོད་པའི་རྒྱུ་མཚན་གྱིས། སློབ་གསོ་པུའུ་ཡི་བརྡ་སྦྱོར་ནི་ནུས་པ་མེད་པའི་ཡིག་ཆ་ཞིག་ཡིན། 

མདོར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཁྲིམས་སྐྱོང་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཁྲིམས་སྒྲིག་གི་གཅིག་གྱུར་དང་ཆེ་མཐོང་ལ་སྲུང་སྐྱོབ་བྱེད་པས་ན། རྒྱལ་ཁབ་ཀྱི་ལས་ཁུངས་ཡོད་དོ་ཅོག་གིས་ངེས་པར་དུ་རྩ་ཁྲིམས་དང་ཁྲིམས་ལུགས་བརྩི་སྲུང་བྱེད་དགོས། རྩ་ཁྲིམས་དང་ཁྲིམས་ལུགས་ལ་འགལ་བའི་བྱ་སྤྱོད་ཐམས་ཅད་ལ་ངེས་པར་དུ་རྩད་བཅད་དེ་འགན་ཁུར་འདེད་དགོས། ཚོགས་པ་དང་གང་ཟག་སུ་ལའང་རྩ་ཁྲིམས་དང་ཁྲིམས་ལུགས་ལས་བརྒལ་བའི་ཁྱད་དབང་མེད། ང་ཚོས་ཏང་དང་རྒྱལ་ཁབ་ཀྱིས་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་རྒྱལ་ཡོངས་དང་ལྷག་པར་དུ་མི་རིགས་ས་ཁུལ་དུ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་དར་སྤེལ་གྱི་དཔངས་མཐོའི་ཐག་བཅད་དང་བཀོད་འདོམས་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ནི་རིགས་སོ་སོའི་མི་རིགས་དབར་གྱི་མཐུན་ལམ་བཟོ་བའི་ཟམ་པ་དང་། ཀྲུང་ཧྭ་མི་རིགས་སྤྱི་ཕུང་གི་འདུ་ཤེས་བསྐྲུན་པའི་འབྲེལ་ཐག་ཡིན་པར་ཡིད་ཆེས་དང་མོས་མཐུན་ཡོད་པས་ན། ང་ཚོ་གྲངས་ཉུང་མི་རིགས་ཀྱི་རྒན་དར་གཞོན་གསུམ་རྣམས་ལ་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་སྦྱོང་བྱེད་པའི་འོས་འགན་དང་ཐོབ་ཐང་ཡོད་པ་ལ་ཐེ་ཚོམ་མི་ཟ། འོན་ཀྱང་། རྒྱལ་ཁབ་ཀྱི་ལས་ཁང་དང་གང་ཟག་ལ་ལས་ཁྲིམས་སྐྱོང་གི་རྩ་དོན་དང་མི་ཆོས་ཀྱི་རྩ་བ་རྩིས་མེད་དུ་བཏང་སྟེ། སོ་སོའི་དབང་ཚད་ལས་བརྒལ་ཞིང་། ཆེ་འདོད་གྲགས་འདོད་ཀྱི་གཞན་དབང་དུ་གྱུར་ཏེ། བཙན་དྲག་གིས་མི་རིགས་ས་ཁུལ་དུ་རྒྱལ་ཁབ་སྤྱི་སྤྱོདསྐད་ཡིག་སྤེལ་བའི་ལས་ཀ་ལས་སྟངས་ལ་ང་ཚོས་ཐ་གཅིག་ཏུ་སྐྱོན་བརྗོད་བྱེད་པ་དང་། ལྷག་པར་དུ་གཙོ་འཛིན་ཞི་ཅིན་ཕིན་གྱིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བྱིས་པ་ནས་བཟུང་སྟེ་དམ་འཛིན་བྱེད་དགོས་ཞེས་པའི་བཀའ་སློབ་ལམ་སྟོན་ལ་སློབ་གསོ་པུའུ་ཡིས་ལོག་འགྲེལ་བྱས་ཏེ་རང་ཉིད་ཀྱི་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད་པའི་ཡིག་ཆ་དང་བརྡ་སྦྱོར་ལ་ལུང་དྲངས་པའི་ཀ་བ་ལ་འཇག་མའི་ལྷན་པ་བརྒྱག་པའི་སྦྱོར་བ་བྱབས་ཆུང་དེ་རིགས་ནི་ང་ཚོས་ངོ་རྒོལ་བྱེད་ས་ཡིན། ཀྲུང་དབྱང་དང་ས་གནས་ཀྱི་སྲིད་འཛིན་ལས་ཁུངས་རེ་ཟུང་གི་ཁྲིམས་འགལ་གྱི་བྱ་བྱེད་འདི་དག་ནི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ལུགས་དེ་མི་རིགས་རང་སྐྱོང་ས་ཁུལ་ལ་ལར་མིང་དོན་མཚུངས་བར་ལག་བསྟར་བྱེད་མ་ཐུབ་པའི་ཉེར་ལེན་ཡིན། དེའི་རྐྱེན་གྱིས་ལོ་འདི་དག་གི་རིང་ལ་བོད་ལྗོངས་དང་མཚོ་སྔོན། ནང་སོག་དང་ཞིན་ཅང་བཅས་སུ་མི་རིགས་གནད་དོན་རྒྱུན་ཆད་མེད་པར་བྱུང་དང་འབྱུང་བཞིན་པ་འདི་རེད། གྲངས་ཉུང་མི་རིགས་ཀྱི་སེམས་ནང་དུ་དགོས་མེད་ཀྱི་དངངས་འཚབ་དང་འཇིགས་སྣང་བསྐྲུན་ཏེ་སྤྱི་ཚོགས་ཟ་ངེ་ཟིང་ངེ་རུ་བཏང་བའང་ཁྲིམས་འགལ་ཅན་གྱི་སྲིད་འཛིན་བྱ་རྩོལ་འདི་དག་ལ་རག་ལས་ཆེ། དེའི་ཕྱིར་སློབ་གསོ་པུའུ་ཡིས་དོན་རྐྱེན་འདི་དག་གི་འབྱུང་རྩ་ལ་བསམ་མནོ་བཏང་སྟེ་ཐག་གཅོད་ཀྱི་ཐབས་ལམ་ཡང་དག་འཚོལ་བ་ལས་མེ་ཐོག་ཏུ་སྣུམ་ལྡུག་མི་རུང་། 

མཐའ་དོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མི་རིགས་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། དེ་བཞིན་དུ་ས་གནས་ཀྱི་མི་རིགས་རང་སྐྱོང་དབང་འཛིན་ལས་ཁང་བཅས་ཀྱིས་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་ལག་བསྟར་ལ་འགན་ཁུར་ཏེ་སློབ་གསོ་པུའུ་ཡི་ཁྲིམས་འགལ་གྱི་བརྡ་སྦྱོར་ཕྱིར་འཐེན་བྱེད་དགོས་པའི་བཀའ་བསྒོ་གཏོང་བར་ང་ཚོས་འབོད་སྐུལ་དང་རྒྱང་འབོད་བྱེད་པ་དང། དེ་བཞིན་དུ་ཤིང་འཛེར་མེད་འཛམ་བུ་གླིང་ན་མེད་ཅེས་པའི་དཔེ་ལྟར། ང་ཚོས་སློབ་གསོ་པུའུ་རང་ཉིད་ཀྱིས་ཀྱང་རང་སྐྱོན་མཐོང་སྟེ་འཆབ་པ་མེད་པར་ཕྱི་གསལ་ནང་གསལ་དང་བློ་ཁོག་ཆེན་པོས་སྐྱོན་དང་ལྡན་པའི་བརྡ་སྦྱོར་ཡིག་ཆ་འདི་མ་སྐུལ་དང་བླང་གིས་ཕྱིར་འཐེན་དང་ཡོ་བསྲང་བྱེད་པ་ལ་རེ་འདུན་ཞུ། ལྷག་པར་དུ་རིགས་སོ་སོའི་མི་རིགས་དག་གི་བྱིས་པའི་ཁྱིམ་བདག་རྣམས་ཀྱིས་ཀྱང་སློབ་གསོ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྲིད་འཛིན་ཡང་གྲོས་ཞུ་བའམ། ཡང་ན་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་དང་དམངས་དོན་གཏུག་བཤེར་བྱས་ཏེ་རང་དང་རང་ཉིད་ཀྱི་བྱིས་པའི་ཁྲིམས་མཐུན་གྱི་ཐོབ་ཐང་དང་མིའི་ཆེ་མཐོང་ལ་བསྲུང་སྐྱོབ་བྱས་ཏེ། ཁྲིམས་མཐུན་གྱི་སྒོ་ནས་སློབ་གསོ་པུའུ་ཡི་ནོར་འཁྲུལ་ཡོ་བསྲང་བྱེད་པ་ལ་ང་ཚོས་འབོད་སྐུལ་ཤུགས་དྲག་བྱེད་བཞིན་ཡོད། མཐར་ཁྲིམས་སྐྱོང་བྱམས་བརྩེའི་ཉི་འོད་འོག་ཏུ་རིགས་སོ་སོའི་མི་རིགས་ཀྱི་བྱིས་པ་རྣམས་འདྲ་མཉམ་དང་བདེ་ཐང་། བདེ་སྐྱིད་དང་བག་ཡངས་ཀྱི་ངང་ནས་འཚར་ལོངས་འབྱུང་བར་ཤོག་ཅེས་ཁ་གཡང་འབོད།

མཆན།

སློབ་ལོ་སྔོན་གྱི་བྱིས་པར་རྒྱའི་ཐུན་མོང་གི་སྐད་ཆའི་སློབ་གསོ་སྤེལ་བར་བྱིས་པ་ཐམས་ཅད་ཀྱི་སྐད་ངག་གཅིག་གྱུར་གྱི་འཆར་གཞིའི་བརྡ་སྦྱོར་ཞེས་བྱ་བའི་ཡིག་ཆའི་གཞུང་ཕྱོགས་ཀྱི་འབྲེལ་ཐག་འདི་ཡིན། http://www.moe.gov.cn/srcsite/A18/s3129/202108/t20210802_548318.html