གཤམ་གྱི་རྩོམ་ཡིག་དང་སྒྲ་ཐག་འདིའི་ནང་དུ་བོད་སྐད་ཡིག་གི་ཁྲིམས་བཟོ་དང་། ཁྲིམས་ཀྱི་ལམ་ནས་བོད་སྐད་ཡིག་གི་ཐོབ་ཐང་བརྩོན་ལེན་ཇི་ལྟར་བྱེད་དགོས་བའི་ཐབས་ལམ་ཆེ་ལོང་ཙམ་བརྗོད་ཡོད་པ་གསན་གཟིགས་གནང་བར་འཚལ།

regong-2༢༠༡༠་ལོར་རེབ་གོང་དང་ཆབ་ཆ་སོགས་ནས་བོད་སྐད་ཡིག་གི་བཀོད་སྤྱོད་དང་དར་སྤེལ་གྱི་ཐོབ་ཐང་གི་ཆེད་དུ་དགེ་སློབ་ཚོས་སྐད་འབོད་དང་ཁྲོམ་སྐོར་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ཀྱི་བོད་སྐད་ཡིག་རྩ་མེད་དུ་བཟོ་བའི་ནོར་འཁྲུལ་གྱི་སྲིད་འཛིན་ཡིག་ཆ་ལ་དཔའ་མཛངས་ལྡན་པའི་ངོ་རྒོལ་བྱས་མཐར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་འཛིན་སྐྱོང་གི་སྲིད་བྱུས་དེ་ཕྱིར་འཐེན་བྱས། ཡིན་ནའང་བ་མ་ཤི་རྙང་མའི་རྒྱུན་མི་ཆད་ཟེར་བ་ལྟར་ད་ལོའི་ཟླ་དྲུག་པའི་ཡས་མས་སུ་གྲོང་ཁྱེར་ལྷ་ས་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ཀྱིས་ཡང་ངེས་ཅན་གྱི་གོ་རིམ་དང་ས་གནས་ཁྲིམས་བཟོ་མ་བརྒྱུད་པར་སློབ་ཆུང་སློབ་མའི་རྩིས་རིག་གི་ཁྲིད་གཞི་སོགས་རྒྱ་ཡིག་ལ་བཙན་ཏུ་བསྒྱུར། དེར་བོད་ལྗོངས་ཀྱི་ཁྲིམས་འཛིན་ལས་བྱེད་པ་བདེ་ཁང་བྱམས་པ་སོགས་ཀྱིས་ངོ་རྒོལ་བྱས་ཏེ་བོད་རང་སྐྱོང་སྲིད་གཞུང་ལ་སུན་འབྱིན་ཡི་གེ་ཞིག་ཕུལ་ཡོད་མོད། མཚོ་སྔོན་ལྟ་བུའི་ངོ་རྒོལ་ཤུགས་ཆེན་བྱས་མེད་སྟབས། སྲིད་བྱུས་དེ་ལ་འགྱུར་བ་གཏོང་རྒྱུའི་སྐོར་མིག་སྔར་བྱུང་ཐུབ་མེད་པ་འདྲ། བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ལས་ཁང་གིས་འཕྲད་དུ་གསར་ལམ་བརྒྱུད་ནས་བདེ་ཁང་བྱམས་པ་ཡི་སུན་འབྱིན་ལ་རྩ་ཁྲིམས་དང་འབྲེལ་ཡོད་ཀྱི་ཁྲིམས་སྒྲུབ་བྱེད་ཏུ་བཀོལ་ནས་ལན་ཞིག་བཏབ་ཏེ་ལྷ་སའི་སློབ་གསོ་ལས་ཁུངས་ཀྱི་སྲིད་བྱུས་ཡང་དག་ཡིན་ཚུལ་བརྗོད་འདུག དེས་ན་དོན་རྐྱེན་འདི་ཕུགས་ཀྱི་་འབྲེལ་ཡོད་ཁྲིམས་ལུགས་དང་སྲིད་བྱུས་ཀྱི་སྐོར་ལ་ངོ་སྤྲོད་ཆེ་ལོང་ཙམ་བྱས་ཏེ། བོད་རིགས་ཤེས་ཡོན་པ་རྣམས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་དང་སོ་སོ་ས་ཁུལ་གྱི་ཡུལ་ཁྲིམས་ལ་བརྟེན་ནས་བོད་སྐད་ཡིག་གི་བཀོལ་སྤྱོད་དང་དར་སྤེལ་གྱི་ཐོབ་ཐང་ལ་གཡག་རྔ་ལྟར་སྲུང་དགོས་ལ། ཡུལ་ཁྲིམས་བཤིག་པའི་ཁྲིམས་བརྒལ་སྲིད་བྱུས་ལ་འཐབ་འཛིང་ལྷོད་ཡངས་མེད་པར་གནང་དགོས།

རྒྱབ་ལྗོངས།

རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོས་དང་བསྡུར་ན་སློབ་གསོའི་ལས་དོན་ཕྱོགས་གང་ཐད་ནས་རྗེས་ལུས་དང་འཐུས་ཤོར་དུ་འགྲོ་བཞིན་པའི་གནས་བབ་ལ་གཞིགས་ཏེ།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༢༠༡༠ལོར་སློབ་གསོའི་ལས་དོན་གྱི་སྐོར་ལ་བཅོས་བསྒྱུར་དང་འཐུས་ཚང་བྱེད་པའི་༼རྒྱལ་ཁབ་ཀྱི་འཕྲད་དང་ཡུན་གྱི་སློབ་གསོ་ལས་དོན་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་བཀོད་འདོམས་རྩ་གནད་།༽ཞེས་བའི་འཛིན་སྐྱོང་གི་ཡིག་ཆ་ཞིག་སྤེལ་ཞིང་།ཡིག་ཆ་དེའི་དགོངས་དོན་ཞིབ་ཕྲའི་ངང་ལག་བསྟར་བྱེད་ཆེད།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་ལས་ཁུངས་ཀྱིས་༼རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་སྐོར་གྱི་སྐབས་༡༢པའི་ལོ་ལྔའི་འཆར་འགོད།༽ཞེས་བྱ་བ་ཞིག་སྤེལ་ཏེ་རྒྱལ་ཁབ་ཡོངས་ཀྱི་སློབ་གསོའི་སྡེ་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དར་སྤེལ་བྱེད་པ་ལ་ནན་སྐུལ་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ཀྱིས་ཀྱང་ཡིག་ཆ་དེ་གཞིར་བཞག་ནས་མཚོ་སྔོན་ས་ཁུལ་གྱི་སློབ་གསོའི་ལས་དོན་ལ་བཀོད་འདོམས་བྱེད་པའི་༼༢༠༡༠་ནས་༢༠༢༠་ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་རྩ་གནད་༽ཞེས་བའི་སྲིད་འཛིན་ཡིག་ཆ་ཞིག་སྤེལ་ཞིང་།ལྷག་པར་དུ་་ཆབ་སྲིད་འཛིན་སྐྱོང་གི་སྟོབས་ཤུགས་དང་དབང་དྲག་ལ་བརྟེན་ཏེ་ཆབ་ཆ་དང་རེབ་གོང་འདུས་བའི་བོད་ཀྱི་ཁུལ་དང་རྫོང་ཁག་ནས་བཙན་ཤེད་ཀྱིས་རྒྱ་སྐད་ཡིག་རྒྱ་ཆེར་བར་བཏང་ཞིང་བོད་ཡིག་གི་ཁྲིད་གཞི་ཇེ་ཉུང་དུ་གཏོང་དགོས་བས་བཀའ་རྒྱ་བབས།གསེར་ཆེན་རྫོང་དང་ཐུན་རིན་རྫོང་སྲིད་གཞུང་སོགས་ཀྱིས་གོང་གི་བཀའ་ལྡོག་མ་ནུས་ཤིང་སོ་སོའི་ཡུལ་ཁྲིམས་ཀྱང་མ་བརྩིས་བར་སློབ་གྲྭ་ཡོངས་ནས་བོད་ཡིག་གི་འཁྲིད་གཞི་ཚང་མ་རྒྱ་ཡིག་ལ་བསྒྱུར་དགོས་བའི་གཏན་འཁེལ་ཡིག་ཆ་ཞིག་བཟོས།༼མཚོ་སྔོན་རྩ་གནད༽ཀྱིས་རྒྱ་བོད་སྐད་ཡིག་གི་གཙོ་ཕལ་དབྱེ་འབྱེད་དང་།སློབ་ཁྲིད་ཀྱི་སྐད་ཡིག་གཅིག་གྱུར་བྱེད་པ་སོགས་དང་འབྲེལ་བའི་ཆེས་ལྕི་བའི་གནད་དོན་ཁ་ཤས་ཡིག་ཆ་བརྒྱུད་ནས་ཐག་གིས་བཅད་ཅིང་།སློབ་གསོའི་སྲིད་འཛིན་སྡེ་ཁག་དང་ས་ཁུལ་གཞན་དག་གིས་སློབ་གསོའི་གྲོས་ཆོད་དེ་གློ་རྡེག་ཏུ་ཐག་བཅད་པ་དང་།ཤུགས་དྲག་པོས་ལག་བསྟར་བགྱིས་པའི་རྒྱུ་རྐྱེན་གྱིས་ས་ཁུལ་ཁ་ཤས་ཀྱི་སློབ་མ་དང་སློབ་མའི་ཁྱིམ་བདག་ཡིད་མ་མགུ་བ་བྱུང་བས། ཟླ ༡༠ ཚེས ༡༩ ནས་བཟུང་རྨ་ལྷོ། མཚོ་ལྷོ། མགོ་ལོག མཚོ་བྱང་བཅས་བོད་རིགས་རང་སྐྱོང་ཁུལ་དྲུག་གི་སློབ་གྲྭ་ཆུང་འབྲིང་གི་སློབ་མས་ཁྲོམ་སྲང་རྔམ་སྟོན་དང་།སློབ་རྭའི་ངོ་རྒོལ་བཅས་ཀྱི་འདུ་ཚོགས་བསྡུས་པ་ཙམ་དུ་མ་ཟད།སློབ་གྲྭ་ཆུང་འབྲིང་ལས་གཞན་པའི་ས་ཁུལ་ཁག་ཏུའང་རྔམ་སྟོན་གྱི་ལས་འགུལ་མུ་མཐུད་ནས་རྒྱ་ཆེ་རུ་འགྲོ་བཞིན་ཡོད་ཅེས་མཚོ་སྔོན་གྱི་བགྲེས་ཡོལ་ལས་བྱེད་ཁག་གིས་རྩ་འཛིན་ཡིག་ཆ་དེར་ངོ་རྒོལ་གྱི་སྙན་ཞུ་ཞིག་ཕུལ་ཡོད་པ་དེའི་ནང་དུ་ཡང་དེ་ལྟར་བརྗོད་ཡོད།

བགྲེས་ཡོལ་ལས་བྱེད་རྣམས་ཀྱིས་མུ་མཐུད་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་སོགས་སྒྲུབ་བྱེད་དུ་བཀོད་དེ་༼མཚོ་སྔོན་རྩ་གནད།༽ཞེས་བའི་ཡིག་ཆ་དང་སློབ་གསོ་ལས་ཁུངས་ཀྱི་འགན་འཛིན་གྱི་༼མདའ་སྐད་གླིང་བུར་བསྒྱུར་བའི༽་གཏམ་བཤད་ཁག་ལ་དགག་པ་ཚ་ནན་བརྒྱབ།ཕྱོགས་ཡོངས་ཀྱི་གནོན་ཤུགས་འདེགས་མ་ནུས་བར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་༼རྩ་གནད།༽དེ་ལག་བསྟར་བྱེད་པར་རྗེས་བསྣུར་བྱས།

ཁྲིམས་དཔྱད།

རང་རེའི་རྒྱལ་ཁབ་བཙུགས་པ་ནས་བཟུང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོབ་ཐང་འདུས་བའི་རང་སྐྱོང་ཐོབ་ཐང་ལ་རྩ་ཁྲིམས་དང་རྩ་ཁྲིམས་རང་བཞིན་ཅན་གྱི་རྩ་འཛིན་ཡིག་ཆ་དང་རྩ་བའི་ཁྲིམས་ལུགས་ཀྱིས་དེ་ལ་མངོན་གསལ་དོད་པོས་བརྒྱབ་སྐྱོར་དང་ཁག་ཐེག་བྱས་ཡོད།༡༩༤༩ལོར་རྒྱལ་ཁབ་གསར་བ་མགོ་ཚུགས་པའི་སྐབས་ཀྱི་གནས་སྐབས་རྩ་ཁྲིམས་ཏེ་༼ཐུན་མོང་རྩ་འཛིན༽་གྱི་ལེའུ་དྲུག་པས་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་དང་སྐད་ཡིག་ཐོབ་ཐང་ལ་ཁག་ཐེག་དང་རྒྱབ་སྐྱོར་བྱས་ཡོད་པ་དང་།༡༩༥༤་ལོའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཐོག་མ་དེས་ཐུན་མོང་རྩ་འཛིན་གྱི་རྩ་དོན་དེ་དག་རྒྱུན་འཛིན་བྱས་ཤིང་།རྩ་ཁྲིམས་དེའི་དོན་ཚན་༣པ་གཙོ་བྱས་ཏེ་ལེའུ་ལྔ་བ་ཡི་ནང་དུ་མི་རིགས་རང་སྐྱོང་དང་སྐད་ཡིག་ཐོབ་ཐང་ལ་དམིགས་སུ་བཀར་ཞིང་གཟེངས་སུ་བསྟོད་ནས་གཏན་འཁེལ་ཞིབ་ཕྲ་བྱས། དུས་ཕྱིས་ཀྱི་དུས་འགྱུར་སོགས་ཀྱི་དབང་གིས་རྩ་ཁྲིམས་དེ་ཐེངས་གསུམ་ལ་བརྗེ་རེས་བྱས་ཡོད།༡༩༧༥ལོའི་རྩ་ཁྲིམས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དར་སྤེལ་ལ་བརྒྱབ་སྐྱོར་བྱས་མེད་པ་མ་གཏོགས་བཀོད་སྤྱོད་ལ་ཁག་ཐེག་དང་རྒྱབ་སྐྱོར་བྱས་ཡོད།༡༩༧༨ལོ་དང་༡༩༨༢ལོའི་རྩ་ཁྲིམས་ཀྱིས་༡༩༧༥ལོ་ཡི་རྩ་ཁྲིམས་ཀྱིས་བརྩིས་མེད་དུ་བཏང་བའི་རང་སྐྱོང་དབང་ཆ་དང་སྐད་ཡིག་ཐོབ་ཐང་ཁག་སླར་གསོ་བྱས་ཡོད།ད་ལྟ་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་རྩ་ཁྲིམས་ནི་༡༩༨༢ལོར་གཏན་ཏུ་འཁེལ་བའི་རྩ་ཁྲིམས་དེ་ཡིན།

%e0%bd%a6%e0%be%b3%e0%bd%bc%e0%bd%96%e0%bc%8b%e0%bd%82%e0%bd%a6%e0%bd%bc%e0%bc%8b

རྩ་ཁྲིམས་དེས་སྔོན་གྱི་རྩ་ཁྲིམས་ནང་གི་མི་རིགས་ས་གནས་རང་སྐྱོང་དང་སྐད་ཡིག་ལ་སོགས་པའི་ཐོབ་ཐང་ངོས་ལེན་བྱས་ཏེ་ལ་ཁག་ཐེག་དང་བརྒྱབ་སྐྱོར་བྱས་ཡོད་པ་མ་ཟད།དེའི་རྒྱུན་བསྐྱངས་ནས་རང་སྐྱོང་དང་སྐད་ཡིག་གི་ཐོབ་ཐང་སླར་ཡང་་ཕྲ་ཞིང་ཞིབ་པར་གཏན་ཏུ་འཁེལ།དེའི་དོན་ཚན་༤་གཙོ་བྱས་ཤིང་ལེའུ་༦པ་ནང་གི་དོན་ཚན་ཁག་གིས་རང་སྐྱོང་ཐོབ་ཐང་གི་ངོ་བོ་དང་ཁྱབ་ཁོངས་དང་ཐབས་ལམ་སོགས་གཏན་ཏུ་འཁེལ་བས་རྒྱུ་མཚན་གྱིས།༡༩༨༦ལོར་ས་གནས་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་བཟོས་བ་རེད།རང་སྐྱོང་གི་ཁྲིམས་ལུགས་དེ་ལ་བརྟེན་ནས་བོད་ཀྱི་རང་སྐྱོང་ས་ཁུལ་གྱི་ཁུལ་རིམ་པའི་རང་སྐྱོང་ཁྲིམས་ཡིག་དང་སྐད་ཡིག་ཐོབ་ཐང་གི་ཁྲིམས་ཡིག་ཐམས་ཅད་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་མཇུག་ལ་བཟོས་ཚར།

བོད་རང་སྐྱོང་ལྗོངས་ཀྱི་རང་སྐྱོང་སྲོལ་ཁྲིམས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཐོགས་ལས་ཁུངས་དག་གིས་ཁོང་ཚོའི་དཔལ་འབྱོར་གྱི་་ཁེ་ཕན་ལ་གནོད་པར་བསམ་ནས་ད་ལྟ་བར་དུ་བགེགས་ནས་གཏན་དུ་འཁེལ་ཐུབ་བྱུང་མེད།ཡིན་ནའང་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་གི་སྐོར་ལ་༡༩༨༧་ལོར་བོད་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ས་གནས་ཁྲིམས་སྲོལ་ཞིག་བཟོས་ནས་ཁག་ཐེག་དང་སྲུང་སྐྱོབ་བྱེད་འགོ་བརྩམས།ཁྲིམས་བཟོའི་སྟེང་ནས་བཤད་ན་ས་གནས་ཁྲིམས་སྲོལ་དེ་ནི་མིག་སྔར་བོད་ཁུལ་གྱི་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་ཡུལ་ཁྲིམས་ཆེས་མཐོ་ཤོས་སུ་གྱུར་ཡོད།ཡུལ་ཁྲིམས་དེས་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་ལ་སྲུང་སྐྱོབ་གང་འཚམས་ཤིག་ཐེབས་ཡོད་པ་མ་ཟད།བོད་ཀྱི་རང་སྐྱོང་ཁུལ་བཅུ་ལའང་ཁྲིམས་བཟོའི་མིག་དཔེ་ཞིག་བསྐྲུན་ནས་ཁུལ་དེ་དག་གི་བོད་ཡིག་གི་འཕེལ་རྒྱས་ལ་གཞོགས་འདེགས་བྱས།ཡུལ་ཁྲིམས་འདི་དག་གི་མཐུན་རྐྱེན་གྱིས་མདོ་སྨད་སོགས་ལ་བྲིན་ཆེར་ནས་བོད་ཡིག་ཤེས་བའི་ཡོན་ཏན་པ་མང་བོ་ཞིག་སྐབས་དེར་འཚར་ལོངས་བྱུང་།བོད་ལྗོངས་ལ་ཆ་མཚོན་ན་ཆབ་སྲིད་གནད་དོན་སོགས་ཀྱིས་བགེགས་དང་རྐྱེན་བྱས་ནས་བོད་ཡིག་དེ་འདྲ་གཏིང་རིང་བོ་ཞིག་དར་མ་ཐུབ།

དེ་མཚུངས་སུ་རྒྱའི་སྐད་ཡིག་གི་གཅིག་གྱུར་གྱི་བྱ་གཞག་ཀྱང་རྒྱལ་ཁབ་འགོ་བཙུགས་པ་ནས་བཟུང་དབུས་དང་ས་གནས་སྲིད་གཞུང་གིས་ལས་འཆར་དུ་བཀོད་ནས་དར་སྤེལ་བྱས་དང་བྱེད་མུས་ཡིན།རྩ་ཁྲིམས་ཀྱི་དོན་ཚན་༡༩་ཡི་ཚན་པ་༥་བ་ནི་རྒྱ་སྐད་ཡིག་གཅིག་གྱུར་ལས་གཞིའི་རྩ་ཁྲིམས་ཀྱི་རྒྱབ་རྟེན་བྱེད་ས་ཡིན་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་དང་མཐུན་པའི་ལས་འཆར་མི་ཉུང་བ་ཞིག་སྤེལ་ཞིང་། རྒྱལ་ཡོངས་ཀྱིས་དུས་ལ་བབ་པར་མཐོང་ནས་༢༠༠༡་གི་ལོར་༼རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་ཡིག་གི་ཁྲིམས་༽ཞེས་བ་དེས་བཟོས་ཤིང་སྤྱི་སྤྱོད་ཀྱི་རྒྱ་སྐད་ཡིག་གི་བེད་སྤྱོད་ཁྱབ་རྒྱ་ཇེ་ཆེར་དང་ཇེ་ཟབ་ཏུ་གཏོང་བའི་འགོ་ཚུགས། ཁྲིམས་ལུགས་དེ་ནི་རྒྱལ་ཡོངས་རང་བཞིན་ཅན་གྱི་སྐད་ཡིག་གི་སྐོར་གྱི་ཁྲིམས་དང་བོ་ཡིན་པས།ས་གནས་སྲིད་གཞུང་དང་སྲིད་གཞུང་གི་སློབ་གསོ་ལས་ཁུངས་གཙོས་བའི་སྡེ་ཁག་དག་གིས་ཁྲིམས་དེ་ཚ་ཚ་འུར་འུར་ངང་ལག་བསྟར་བྱེད་པའི་སྣང་ཚུལ་ཞིག་བྱུང་།སྣང་ཚུལ་དེས་ཀྱང་རྒྱའི་སྐད་ཡིག་གི་གཅིག་གྱུར་ལ་ལྷག་བསམ་ཟོལ་མེད་ལས་བྱུང་བ་ཞིག་མ་ཡིན་པར་གཙོ་བོ་དབུས་གཞུང་གི་རོགས་དངུལ་ལ་རྔམ་ནས་ལས་གཞི་དེ་རང་སྐྱོང་ས་ཁུལ་ནས་ཐོལ་བརྒལ་དང་མཁྲེགས་ཆོད་ཀྱི་ལམ་ཁ་ལ་བསྒྱུར། མཚོ་སྔོན་ལྟ་བུར་མཚོན་ན་༢༠༡༠ལོའི་༼མཚོ་སྔོན་རྩ་གནད་༽ཐད་ལ་དབུས་གཞུང་གིས་རོགས་དངུལ་རྒྱ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་དྲུག་བཏང་ཡོད་སྐད།

རང་རེའི་རྒྱལ་ཁབ་ཀྱི་ཁྲིམས་བཟོའི་སྒྲོམ་གཞིའམ་ཕུང་བོའི་བཀོད་པ་ལྟར་ན་ཁྲིམས་ལ་མཐོ་དམའ་ཡི་རིམ་པ་འབྱེད་ཅིང་།ཁྲིམས་འོག་མས་ཁྲིམས་གོང་མར་ཐོ་འཚམ་དང་འགལ་བ་དང་བཟོ་བཅོས་བྱེད་མི་ཆོགཁྲིམས་འོག་མའི་འགན་ཁུར་ནི་ཁྲིམས་གོང་མའི་དགོངས་དོན་ལྟར་ལག་བསྟར་བྱེད་པ་དེ་ཡིན།རྩ་ཁྲིམས་དང་ཪྩ་ཁྲིམས་དང་འབྲེལ་བའི་ཁྲིམས་ལུགས་ནི་ཆེས་མཐོ་བའི་ཁྲིམས་ཡིན། དཔེར་ན་རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་དང་ཧོང་ཀོང་གི་རྩ་བའི་ཁྲིམས་སོགས་ལྟ་བུ་ཡིན། དེ་འོག་གི་ཁྲིམས་ལ་་རྩ་བའི་ཁྲིམས་ལུགས་སམ་རྨང་གཞིའི་ཁྲིམས་ལུགས་ཟེར། དཔེར་ན་ཉེས་ཁྲིམས་དང་དམངས་ཁྲིམས། ཉེས་དོན་དང་དམངས་དོན་གཏུག་བཤེར་གྱི་ཁྲིམས་ལྟ་བུ་ཡིན།གོང་གི་ཁྲིམས་འདི་དག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་ནས་ཐག་ཆོད་བྱུང་དགོས་བས་དེའི་བཟོ་བཅོས་དང་འཕྲི་སྣོན་ཡང་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་བརྒྱུད་དགོས།

དེ་འོག་གི་ཁྲིམས་ལ་་ཁྲིམས་ལུགས་དཀྱུས་མ་ཟེར།དེ་ནི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བརྒྱུད་ནས་བཟོས་བའི་ཁྲིམས་ལུགས་དག་ཡིན།དཔེར་ན་རྒྱལ་ཡོངས་སྤྱི་སྤྱོད་ཀྱི་སྐད་ཡིག་གི་ཁྲིམས་ལྟ་བུའོ།དེའི་འོག་གི་ཁྲིམས་ལ་འཛིན་སྐྱོང་ཁྲིམས་སྲོལ་ལམ་སྲིད་འཛིན་ཁྲིམས་སྲོལ་ཟེར།འཛིན་སྐྱོང་ཁྲིམས་སྲོལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་བརྒྱུད་ནས་བཟོ་དགོས་བ་དང་དེའི་དམིགས་ཡུལ་ནི་ཁྲིམས་ལུགས་ལག་བསྟར་བྱེད་པར་ཞིབ་ཕྲའི་ཐབས་ལམ་གཏན་འཁེལ་བྱེད་ཆེད་ཡིན།

%e0%bd%a2%e0%be%a9%e0%bd%b2%e0%bd%a6%e0%bc%8b%e0%bd%a2%e0%bd%b2%e0%bd%82%e0%bc%8b%e0%bd%94%e0%bc%8b%e0%bc%a1དེ་མིན་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་གིས་དབང་བསྐུར་འོག་ཁྲིམས་ལུགས་མ་བཟོས་བའི་ལས་དོན་ཐད་སྔོན་འགྲོའི་ཁྲིམས་སྲོལ་བཟོ་བ་དང་ཕྱིས་སུ་དུས་ལ་བབ་ཚེ་རིམ་གྱིས་ཁྲིམས་ལུགས་བཟོ་དགོས་བའི་གནས་ཚུལ་ཡང་ཡོད།ཁྲིམས་སྲོལ་གྱི་འོག་གི་ཁྲིམས་ལ་ས་གནས་ཁྲིམས་སྲོལ་ཟེར།དེ་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་རིམ་པའི་མི་མང་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་བརྒྱུད་ནས་བཟོས་བའི་ས་གནས་རང་བཞིན་ཅན་གྱི་ཁྲིམས་ལུགས་ཡིན།གྲོང་ཁྱེར་ཆེན་པོའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་་དང་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་ལའང་སོ་སོར་དཔག་པའི་དབང་ཚད་ཀྱི་ཁྲིམས་བཟོའི་དབང་ཆ་ཡོད།

བོད་ཀྱི་ས་ཁུལ་ན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་དང་དེའི་་རྒྱུན་ལས་ལྷན་ཁང་་ལ་འདི་ལྟ་བུའི་ཁྲིམས་བཟོ་དབང་ཆ་ཡོད་པ་མ་ཟད།གྲོང་ཁྱེར་ལྷ་ས་དང་རང་སྐྱོང་ཁུལ་བཅུའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེ་དག་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལའང་སོ་སོར་དཔག་པའི་ཁྲིམས་བཟོའི་དབང་ཆ་ཡོད།

ས་གནས་ཁྲིམས་སྲོལ་མན་གྱི་ཁྲིམས་ལ་སྒྲིག་སྲོལ་ཟེར།དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སོ་སོ་དང་ཞིང་ཆེན་རིམ་པའི་སྲིད་གཞུང་སོ་སོས་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་ཆེད་དང་སོ་སོའི་ལས་ཁུངས་ཀྱི་ལས་དོན་ལ་དཔག་ནས་བཟོས་བའི་གོང་གི་ཁྲིམས་དང་མི་འགལ་བའི་སྒྲིག་ཁྲིམས་ལ་ཟེར་གྱིན་ཡོད།༢༠༡༥ལོར་བཟོ་བཅོས་བརྒྱབ་པའི་ཁྲིམས་བཟོ་བའི་ཁྲིམས་ཀྱིས་རང་སྐྱོང་ཁུལ་གྱི་དམངས་ཆེན་རྒྱུན་ལས་ལྷན་ཁང་ལ་སོ་སོའི་མངའ་ཁོངས་ཀྱི་རིག་གནས་དང་འཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་ས་གནས་ཁྲིམས་སྲོལ་བཟོ་ཆོག་པའི་དབང་བསྐུར་དང་གཏན་འབེབས་བྱས་ཡོད།

དེས་ན་གོང་གི་ཁྲིམས་ཀྱི་གོ་གནས་ལ་དམིགས་ནས་ང་ཚོས་༼མཚོ་སྔོན་རྩ་གནད་༽ལས་འཕྲོས་བའི་དོན་རྐྱེན་ལ་དཔྱད་པ་བཏང་ན།དེའི་རྩ་ཁྲིམས་ཀྱི་རྒྱབ་རྟེན་ནི་རྩ་ཁྲིམས་ཀྱི་དོན་ཚན་༡༩་ཡི་ཚན་པ་༥་བ་ཡིན་ཞེས་ཁོང་ཚོས་བཤད་གིན་ཡོད།རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ནི་དེའི་དཀྱུས་ཁྲིམས་ཀྱི་རྒྱབ་རྟེན་ཡིན་ལ།༼རྒྱལ་ཁབ་ཀྱི་འཕྲད་དང་ཡུན་གྱི་སློབ་གསོ་ལས་དོན་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་བཀོད་འདོམས་རྩ་འཛིན།༽ནི་དེའི་ཁྲིམས་སྲོལ་ལམ་ཁྲིམས་སྲོལ་ལྟར་སྣང་གི་རྒྱབ་རྟེན་དང་༼རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་སྐོར་གྱི་སྐབས་༡༢པའི་ལོ་ལྔའི་འཆར་འགོད།༽ནི་དེའི་སྒྲིག་སྲོལ་གྱི་རྒྱབ་རྟེན་ཡིན་པས་ཁྲིམས་ཀྱི་དབང་བསྐུར་དང་རྒྱབ་ལུང་ཡོངས་སུ་ཚང་བའི་སྲིད་གཞུང་གི་ཡིག་ཆ་ཞིག་ཡིན་ཞེས་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ལས་ཁུངས་ཀྱིས་སྒྲུབ་བྱེད་དུ་བཀོད་འདུག་མོད་།མཚོ་སྔོན་རྩ་གནད་ལས་བྱུང་བའི་གནད་དོན་ནི་དེ་ལ་ཁྲིམས་ཀྱིས་བརྒྱབ་ལུང་ཡོད་མེད་ཙམ་མ་ཡིན་པར།དེས་ཁྲིམས་ཀྱི་དབང་ཚད་ལས་བརྒལ་ཏེ་མི་རིགས་རང་སྐྱོང་གི་ཁྲིམས་ཀྱིས་བཀོད་འདོམས་བྱེད་བཞིན་པའི་ལས་དོན་ལ་ཐེ་གཏོགས་བྱས་བ་དེ་ཡིན།

རྩ་ཁྲིམས་ཀྱི་དོན་ཚན་༡༡༥་དང་༡༡༦་གིས་མི་རིགས་རང་སྐྱོང་ས་ཁུལ་ལ་ནང་ཁུལ་གྱི་སློབ་གསོ་ལས་དོན་བཀོད་འདོམས་བྱེད་པའི་དབང་བསྐུར་ཡོད་པ་དེར་གཞིར་བཞག་ནས་༡༩༨༦ལོ་མི་རིགས་རང་སྐྱོང་ས་ཁུལ་གྱི་ཁྲིམས་ལུགས་བཟོ་སྐབས་རང་སྐྱོང་ས་ཁུལ་ནས་སློབ་ཆུང་སློབ་མའི་སོ་སོའི་སྐད་ཡིག་ཁྲིད་གཞི་འདུས་བའི་སློབ་གསོའི་ལས་དོན་ཐད་ལ་གཏན་འཁེལ་ཕྲ་ཞིང་ཞིབ་པ་བཟོས་ཡོད་པའི་རྩ་བའི་ཁྲིམས་ལུགས་ཀྱི་དབང་བསྐུར་འོག་བོད་རང་སྐྱོང་ལྗོངས་དང་བོད་རང་སྐྱོང་ཁུལ་བཅུས་དུས་མཚུངས་སུ་སོ་སོའི་ས་ཁུལ་ནས་བོད་སྐད་ཡིག་གི་སློབ་གསོའི་ལས་དོན་ཐད་གང་ལ་གང་འཚམས་ཀྱི་ཁྲིམས་བཟོ་ནས་རང་སྐྱོང་རང་བཞིན་ཅན་གྱི་སློབ་གསོ་ལས་དོན་ས་གནས་ཁྲིམས་ལྟར་སྤེལ་བཞིན་ཡོད།

ཁྲིམས་བཟོའི་ཡོན་ཚད་དང་ཤེས་བྱའི་མ་འདང་བའི་རྐྱེན་གྱིས་ཡུལ་ཁྲིམས་དེ་དག་ལ་གནད་དོན་མི་ཉུང་བ་ཞིག་ཡོད་པ་དངོས་ཡོད་ཡིན་མོད།རྩ་བའི་རྩ་དོན་ཀྱི་ཐད་ནས་བཤད་ན་ཡུལ་ཁྲིམས་དེ་དག་ནི་རང་སྐྱོང་ཡུལ་མིའི་རེ་འདུན་མཚོན་བཞིན་པའི་ཡུལ་ཁྲིམས་གཤའ་མ་ཡིན་པ་དང་། དེ་དག་གི་ཁྲིམས་ནུས་མ་ཡལ་བར་གནས་ཡོད་པའི་རྒྱལ་ཁབ་ཀྱི་ཁྲིམས་སུ་གཏོགས།

༼་མཚོ་སྔོན་རྩ་གནད་༽གྱིས་ཡུལ་ཁྲིམས་དེ་དག་གཡོལ་བའམ་སྐོར་ནས་རང་སྐྱོང་ས་ཁུལ་གྱི་འཐུས་མི་ཚོགས་ཆེན་གྱིས་ཡུལ་ཁྲིམས་ལ་འགྱུར་བ་མ་བཏང་བའི་སྔ་རོལ་ནས་འཛིན་སྐྱོང་ཡིག་ཆ་ལ་བརྟེན་ཏེ་མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གསོ་ལས་དོན་ཀྱི་ཆ་ཤས་ཙམ་མ་ཡིན་པར་རྩ་དོན་གྱི་ཐད་ལ་ཕྱོགས་ཡོངས་ནས་བཟོས་བཅོས་བྱེད་རྩིས་བྱས་བ་དེ་ཁྲིམས་བརྒལ་གྱི་ནོར་འཁྲུལ་ཆེན་པོ་རེད།

ཁྲིམས་བཟོ་བའི་ཁྲིམས་ལྟར་ན།མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་གི་སློབ་གསོ་ལས་ཁུངས་མ་དགོས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལའང་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ཁྲིམས་སྲོལ་དེ་དག་བཟོས་བཅོས་བརྒྱག་པའི་དབང་ཆ་མེད།མཚོ་སྔོན་ཞིང་ཆེན་སློབ་གསོ་ལས་ཁུངས་གྱི་ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀགགཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད་པའི་བྱབ་ཆུང་གི་ལས་ཀ་ལས་སྟངས་དང་མི་རིགས་རང་སྐྱོང་ཁུལ་གྱི་ཁྲིམས་སྲོལ་ལ་མཐོང་ཆུང་བྱས་བ་དེ་བོད་རང་སྐྱོང་ས་ཁུལ་གྱི་མང་ཚོགས་མ་དགའ་བའི་རྒྱུ་མཚན་ཡིན།

དེ་མིན་ཁྲིམས་བཟོ་བའི་ཁྲིམས་ལྟར་ན་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ལས་ཁུངས་ཀྱི་ཡིག་ཆ་ལ་ཁྲིམས་ཀྱི་གོ་གནས་བ་སྤུ་ཙམ་ཡང་མེད་པས་དེས་རྨ་ལྷོ་དང་མཚོ་ལྷོ་བཅས་ཀྱི་རང་སྐྱོང་སྲོལ་ཡིག་དང་བོད་སྐད་ཡིག་གི་ལས་དོན་གྱི་ཡུལ་ཁྲིམས་ལ་སྐེ་བསྲིང་ཞིང་མཛུབ་སྟོན་བྱེད་པའི་དབང་ཆ་གཏན་ནས་ཡོད་པ་མ་རེད།ལས་ཁུངས་དེ་ལ་ཡོད་པའི་དབང་ཆ་ཉག་གཅིག་ནི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ལས་འཆར་རང་སྐྱོང་ས་ཁུལ་ནས་ཇི་ལྟར་རང་སྐྱོང་སྐད་ཡིག་ལ་མ་གནོད་པར་དར་ཁྱབ་བྱེད་པར་བསམ་འཆར་འདོན་པ་ཙམ་ལས་དེར་བཀོད་འདོམས་དང་རྩ་འཛུགས་ཀྱི་དབང་ཆ་མེད་པས་མཁྲེགས་ཆོད་དང་ཐོད་བརྒལ་གྱི་དར་སྤེལ་བྱེད་པའི་དབང་ཆ་དེ་བས་ཀྱང་མེད།

ཁྲིམས་འོག་མ་དང་ཆབ་སྲིད་ཡིག་ཆས་ཁྲིམས་གོང་མར་མཐོ་འཚམ་པའི་སྣང་ཚུལ་ནི་ཁྲིམས་སྐྱོང་གི་རྒྱལ་ཁབ་ལྟ་བུ་ཞིག་ལ་མཚོན་ནའང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན།ཨ་རི་ལ་མཚོན་ན་ཁྲིམས་གོང་འོག་འགལ་འཛོལ་གྱི་གནད་དོན་འདི་དག་བཅོས་བའི་ཐབས་ལམ་ནི་ཁྲིམས་ཁང་གིས་ཁྲིམས་འཛིན་ཞིབ་བཤེར་གྱི་ལམ་ལུགས་བརྒྱུད་ནས་ཐག་གཅོད་བྱེད་ཀྱིན་ཡོད། ལམ་ལུགས་དེ་༡༨༠༣ལོར་ལྦེ་ཡམ་མྭ་བྷོ་རོས་ཀྱིས་སྐབས་དེའི་ཨ་རིའི་སྲིད་བློན་མད་ཏི་སུན་ཞེས་བ་ཁྲིམས་ཁང་ལ་གཏུག་པའི་རྒྱུ་མཚན་གྱིས་ཨ་རི་ཆེས་མཐོ་ཁྲིམས་ཁང་གིས་གྱོད་གཞི་དེ་ལ་བསྟེན་ནས་ཁྲིམས་ཁང་གིས་སྲིད་གཞུང་གི་ཡིག་ཆ་འདུ་བའི་ཁྲིམས་ལུགས་ཐམས་ཅད་རྩ་ཁྲིམས་དང་མཐུན་མིན་གྱི་སྐོར་ལ་ཞིབ་བཤེར་བྱེད་པའི་དབང་འཛིན་པའི་འགོ་བརྩམས་པ་རེད། དུས་དེ་ནས་བཟུང་ཨ་རིའི་ཁྲིམས་འཛིན་དབང་འཛིན་གྱི་འགོ་དངོས་སུ་ཚུགས་པ་རེད། རྒྱ་སྐད་ཀྱིས་གྱོད་གཞི་དེ་ལ་

马伯利诉麦迪逊案 ༽ཟེར་ལ་དབྱིན་ཇིས་༼ Marbury v. Madison ༽ཟེར།

རྒྱ་ནག་ལ་མཚོན་ན་༢༠༠༡གི་ལོར་ཧྲན་དོང་ཞིང་ཆེན་གྱི་ཆི་ཡུས་ལིན་གྱིས་གྱོད་དོན་ལས་ཁྲིམས་འཛིན་ཞིབ་བཤེར་གྱི་ལམ་ལུགས་འཛུགས་གྲབས་བྱས་མོད་མཐར་རྒྱུ་རྐྱེན་དུ་མས་དབང་གིས་འཛུགས་མ་ཐུབ། ༼ 齐玉苓案

ཞེས་བའི་གྱོད་གཞི་འདི་ལ་ཞིབ་ཏུ་བལྟ་འདོད་ན་དྲ་ཐོག་ནས་འཚོལ། https://zh.wikipedia.org/wiki/%E9%BD%8A%E7%8E%89%E8%8B%93%E6%A1%88

དེས་ཕྱིར་ང་ཚོར་ཁྲིམས་ཁང་བརྒྱུད་ནས་༼མཚོ་སྔོན་རྩ་གནད་༽ལྟིང་སློག་བྱེད་པའི་ཐབས་ལམ་་ད་ལྟ་ད་རུང་མེད།ཡིན་ན་ཡང་ངས་ཚོས་ཁྲིམས་བཟོ་བའི་ཁྲིམས་ཀྱི་དོན་ཚན་༨༧་དང་༨༨་ཀྱི་གཏན་འཁེལ་ལ་བསྟེན་ནས་སྲིད་གཞུང་དང་ཁྲིམས་བཟོ་ལས་ཁུངས་བརྒྱུད་དེ་རྩ་གནད་དེ་ནུས་མེད་དུ་གཏོང་བའམ་བཟོ་བཅོས་བྱེད་པའི་ཐབས་ལམ་ཡོད།

དཔེར་ན་རྨ་ལྷོ་ཁུལ་ལྟ་བུར་མཚོན་ན་དེའི་མི་མང་འཐུས་མི་ཚོགས་ཆེན་ཨུ་ཡོན་ལྷན་ཁང་གིས་༡༩༨༧ལོར་བཟོས་ཞིང་༢༠༠༤ལོར་འཕྲི་སྣོན་བྱས་བའི་རང་སྐྱོང་སྲོལ་ཡིག་གི་དོན་ཚན་༥༨་དང་དེའི་སྐད་ཡིག་ལས་དོན་གྱི་སྲོལ་ཡིག་གི་དོན་ཚན་༡༧་དང་༡༨སོགས་ཀྱི་གཏན་འཁེལ་ལྟར་སྐད་ཡིག་ལས་ཁུངས་དང་ས་གནས་སློབ་གསོ་ལས་ཁུངས་ཀྱིས་མཚོ་སྔོན་རྩ་གནད་ཀྱིས་ཁྲིམས་ལུགས་གོ་འཛོལ་གྱི་ཐད་ལ་ཁྲིམས་ལུགས་ཀྱི་བསམ་འཆར་ཡིག་ཆ་ཞིག་གྲ་སྒྲིག་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་བསྟར་འབུལ་བྱས་ཏེ་རྒྱལ་ཡོངས་ཀྱི་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་ལ་ཞིབ་བཤེར་བྱེད་དུ་འཇུག་པའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་རང་ངོས་ནས་མཚོ་སྔོན་རྩ་གནད་ལ་ཁྲིམས་བརྒལ་གྱི་གནད་དོན་ཡོད་པར་བསམ་ན་ཐད་ཀར་རྩ་གནད་དེ་མེད་ནུས་མེད་དུ་བཟོ་བ་སོགས་ཀྱི་ཐབས་ལམ་ཁྲིམས་བཟོའི་ཁྲིམས་ནང་ན་བསྟན་ཡོད། 

%e8%a1%8c%e6%94%bf%e6%96%87%e4%bb%b6%e4%b8%8e%e6%b3%95%e5%be%8b1

 ང་ཆོས་ང་ཚོའི་ཡུལ་ཁྲིམས་འདི་དག་ལ་ཡིད་ཆེས་ཡོད་དགོས་བ་མ་ཟད་ཡུལ་ཁྲིམས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་ཀྱང་བྱས་ཏེ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞན་གྱིས་གླགས་བལྟ་བ་དང་བཙན་འཛུལ་བྱེད་པ་ལ་ངོ་རྒོལ་དང་འཐབ་འཛིང་ཡང་བྱེད་དགོས།དེ་ལྟར་བགྱིས་ན་ད་གཟོད་རྒྱལ་ཁབ་ཀྱིས་ང་ཚོར་སྤྲད་པའི་རིག་གནས་རང་སྐྱོང་དང་སློབ་གསོ་རང་སྐྱོང་གི་ཐོབ་ཐང་གཞི་ནས་སྲུང་སྐྱོབ་དང་མངོན་གྱུར་བྱེད་ཐུབ།རྒྱལ་ཁབ་ཀྱི་རོགས་དངུལ་ཐེར་འབུམ་བདུན་དང་དུང་ཕྱུར་དྲུག་ཀྱང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་དང་རྒྱའི་སྐད་ཡིག་ཟུང་འབྲེལ་འཕེལ་རྒྱས་ཀྱི་ཕྱོགས་ལ་བཀོད་སྤྱོད་བྱེད་དགོས་བ་ལས་རྒྱ་སྐད་ཡིག་རྐྱང་རྐྱང་གི་སྟེང་དུ་བཀོལ་ན་མཐར་བཀོལ་དངུལ་ཆུད་ཟོས་སུ་འགྲོ་ཉེན་ཡོད། ༼ མུ་འགོད་༽