འབྲེལ་གཏུག་གནང་རོགས།
Page 3 of 3

ཁྲིམས་རིག་རླུང་འཕྲིན། ༼༡༽

སྒྲ་མཛོད་འདིའི་ནང་དུ་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ལོ་རྒྱུས་དང་། ད་ལྟ་བེད་སྤྱོད་བྱེད་བཞིན་པའི་ཁྲིམས་ལུགས། བོད་ཁམས་ནས་བཟོས་བའི་ཡུལ་ཁྲིམས་སོགས་མཚམས་སྦྱོར་དང་འགྲེལ་བརྗོད་བྱེད་གིན་ཡིན། གསན་མཁན་རྣམ་པས་དུས་ལྟར་གསན་པར་དགའ་བསུ་ཞུ། ལེའུ་ཚན་འདི་བརྒྱུད་ནས་ཁྲིམས་ལུགས་ཐད་ཀྱི་བསམ་འཆར་དང་ཐབས་ལམ་སོགས་བརྗེ་རེས་བྱས་ཏེ། ཁྲིམས་ཤེས་བར་འདོད་པ་རྣམས་ལ་ཁྲིམས་ཀྱི་རྒྱུན་ཤེས་སྤེལ་བ་དང་། རྒྱ་ཆེ་བོད་རིགས་སྤུན་ཟླ་རྣམས་ལ་ཁྲིམས་ལུགས་ཤེས་བྱ་ཡིས་གང་ལ་གང་འཚམས་ཀྱི་་ཕན་ཐོགས་ཡོང་པར་སྨོན་ཞེས་ཁྲིམས་གླེང་ནས་སྤེལ། ༡༽ མཚམས་སྦྱོར། གནའ་རབས་རྒྱ་ནག་གི་འཛིན་སྐྱོང་དང་ཁྲིམས་ལུགས་ཀྱི་སྲོལ་རྒྱུན་རགས་ཙམ་བཤད་པ། སྐད་འཕྲིན་སྟེང་ནས་གསན་རོགས་མཛོད།

རྒྱལ་ཁབ་བདེ་འཇགས་ཀྱི་ཉེས་དོན་སྐོར་གྱི་ཁྲིམས་ལུགས་ཀྱི་ཤེས་བྱ།

རྒྱལཁབ་ཀྱི་བདེ་འཇགས། ཉེས་ཁྲིམས་ནང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཉེས་མིང་གི་མཚན་ཉིད་དང་། ཉེས་དོན་གཏུག་བཤེར་གྱི་སྐབས་སུ་དབང་འཛིན་ལས་ཁུངས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་གྱོད་དོན་ཇི་ལྟར་གྱོད་དོན་གཞན་དང་མ་འདྲ་བར་ལག་ལེན་བྱེད་སྟངས་བཅས་ཤན་སྦྱར་བྱས་ཏེ་འགྲེལ་བརྗོད་བྱས་ན། རྒྱ་ཆེ་ཀློག་པ་པོ་རྣམས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་སྐོར་གྱི་ཉེས་ཁྲིམས་ཀྱི་གཏན་འཁེལ་རིགས་ཡིད་ལ་འཛིན་བདེ་བར་སྙམ་ནས། རི་མོ་དང་ཡི་གེ་ཟུང་འབྲེལ་གྱི་སྒོ་ནས་ཉེས་ཁྲིམས་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ནང་གི་ཤེས་བྱ་སྐོར་འདི་རུ་མཚམས་སྦྱོར་བྱས་ཡོད། ཡིག་ཆ་འདི་བརྒྱུད་ནས་ཚང་མས་ཇི་ཞིག་ནི་རྒྱལ་ཁབ་བདེ་འཇགས་ཀྱི་ནག་ཉེས་ཡིན་པ་དང་། དབང་འཛིན་ལས་ཁུངས་ཀྱིས་ནག་ཉེས་དེ་དག་ཇི་ལྟར་བརྩད་གཅོད་དང་ཉེས་འཛུགས་བྱེད་གིན་ཡོད་པ། ཉེས་དོན་གཏུག་བཤེར་གྱི་བརྒྱུད་རིམ་སོ་སོ་ན་ཉེས་དོན་དོགས་ཡོད་མི་སྣ་དང་། གྱོད་ཡ་དང་དེ་དག་གི་ནང་མི་ཉེ་དུ་རྣམས་ལ་ཐོབ་ཐང་གང་གང་ཡོད་པ་བཅས་ཤེས་བར་བྱས་ནས། བརྒྱུད་རིམ་རེ་རེ་ནས་སོ་སོར་དཔག་པའི་ཐོབ་ཐང་བཀོལ་སྤྱོད་བྱས་ཏེ་རང་དང་རང་གི་ཉེ་འབྲེལ་རྣམས་ལ་སྲུང་སྐྱོབ་གང་ཐུབ་བྱེད་དགོས།

ཉེས་དོན་གཏུག་བཤེར་ཁྲོད་ཀྱི་ཐབས་ལམ་རེ་འགའ་ངོ་སྤྲོད།

༡ བཙན་ཤེད་ཀྱིས་རང་ཉིད་ཉེས་ཅན་ཡིན་པ་ངོས་ལེན་བྱེད་དུ་འཇུག་པ། གལ་སྲིད་ཁྱེད་དང་ཁྱེད་ཀྱི་གཉེན་ཉེ་དུ་གྲོགས་པོ་བཅས་ལ་ཉེན་རྟོག་པ་དང་བརྩད་གཅོད་མི་སྣས་རྡུང་རྡེག་དང་འཇིགས་སྐུལ་བྱས་ནས། བཙན་ཤེད་ཀྱིས་རང་ཉིད་ཉེས་ཅན་ཡིན་པར་ངོས་ལེན་བྱེད་དུ་བཅུག་ན་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན། ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་༥༠་ལྟར་ན་བརྩད་གཅོད་པས་ཉེས་དོན་དོགས་ཡོད་མི་སྣར་ཚ་འདྲི་དང་འཇིགས་བསྐུལ་བ། མགོ་སྐོར་དང་བསླུ་བྲིད་བཏང་ནས་དཔང་རྟགས་འཚོལ་བསྡུ་བྱེད་མི་ཆོག་ཅིང་། གང་ཟག་སུ་དང་སུ་ལ་ཡང་བཙན་ཤེད་ཀྱིས་ཁོ་རང་ཉེས་ཅན་ཡིན་པར་ངོས་ལེན་བྱེད་དུ་བཅུག་མི་ཆོག་ཅེས་གཏན་ལ་འཁེལ་ཡོད་པ་མ་ཟད། ད་ལོའི་སྤྱི་ཟླ་༡༠་བའི་ཚེས་༡༣་ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། རྒྱལ་ཁབ་བདེ་འཇགས་པུའུ། ཁྲིམས་འཛིན་པུའུ་བཅས་ལས་ཁུངས་ལྔ་ཡིས་ལྷན་ཏུ་བཏབ་པའི་བཀའ་རྒྱ་སྟེ་༼ཁྲིམས་བཤེར་ལྟེ་བར་བཟུང་ནས་ཉེས་དོན་གཏུག་བཤེར་གྱི་ལམ་ལུགས་གཏིང་ཟབ་དུ་བཅོས་བསྒྱུར་བྱེད་པའི་བསམ་འཆར༽ཞེས་པའི་དོན་ཚན་ལྔ་བ་ཡི་ནང་དུ། ཚ་འདྲི་གཏན་འགོག་བྱེད་པ་དང་གང་ཟག་སུ་དང་སུ་ལའང་བཙན་ཤེད་ཀྱིས་རང་ཉིད་ནག་ཉེས་ཅན་ཡིན་པར་ངོས་ལེན་བྱེད་དུ་བཅུག་མི་ཆོག་ཅེས་གཏན་ལ་ཕབ་པ་ལྟར་ན། ཉེན་རྟོག་པའམ་རྒྱལ་ཁབ་བདེ་འཇགས་ཀྱི་ལས་བྱེད་པས་ཉེས་དོན་དོགས་ཡོད་མི་སྣར་རྡུང་རྡེག་དང་ཚ་འདྲི་བྱས་ན་མི་འགྲིག གལ་སྲིད་ཚ་འདྲི་

སྲིད་པ་ཁྲིམས་ཀྱི་འཁོར་ལོ།

དེ་ཡང་རྒྱ་ནག་གི་ཉེས་ཁྲིམས་གཏུག་བཤེར་གྱི་ཁྲིམས་ལུགས་ཀྱི་ལེགས་ཉེས་བླང་དོར་ལ་འཇུག་བདེ་བའི་ཕྱིར་དང་། རྒྱ་ནག་གི་རྩ་ཁྲིམས་ཆུང་ངུ་རུ་འབོད་པའི་ཁྲིམས་ལུགས་འདི་ཡིད་ལ་འཛིན་བདེ་བ་དང་དང་གོ་བ་ལོན་སླ་བ་བཅས་ཀྱི་ཆེད་དུ་སྲིད་པ་འཁོར་ལོའི་ཚུལ་ཏུ་བྲིས་བ་ཡིན། འདིའི་མཚོན་དོན་རྣམས་རང་གིས་ཤེས་པའི་ཁྲིམས་ལ་ལེགས་པར་བསམ་བློ་གཏོང་བ་དང་། དོན་གཉེར་ཅན་གཞན་དག་ལ་བསྟན་ནས་བཤད་ན་ཁྲིམས་ཀྱི་ཤེས་བྱ་མྱུར་ཏུ་རྒྱུད་ལ་འཇོག་ཐུབ་པར་ཕན་པ་ཆེ།

མི་སྨྲའི་རྟུལ་ཞུགས་འཛིན་པའི་ཐོབ་ཐང་ངམ་ཁ་རོག་ཏུ་འདུག་པའི་ཐོབ་ཐང་།༼保持沉默的权利༽

མི་སྨྲའི་རྟུལ་ཞུགས་འཛིན་པའི་ཐོབ་ཐང་ཞེས་བ་ནི་གང་ཟག་སུ་ཡིན་རུང་། ཉེན་རྟོག་པ་དང་ཁྲིམས་འཛིན་མི་སྣས་འདྲི་རྩད་བྱེད་སྐབས། དེར་ལན་མི་འདེབས་པར་ཁ་རོག་ཏུ་བསྡད་ཆོག་པའི་ཐོབ་ཐང་ཞིག་ལ་གོ དཔེར་ན་ཁྱེད་རང་ལ་ཉེན་རྟོག་པ་ཞིག་གིས་ཉེས་དོན་རྩད་གཅོད་དང་འབྲེལ་བའི་སྐད་ཆ་དྲིས་ཚེ། ཁྱེད་ཀྱིས་ཁོང་ལ་ལན་མི་སྨྲ་བར་ཁ་རོག་ཏུ་བསྡད་ན་ཁྲིམས་མཐུན་ཡིན་པ་ལྟ་བུའོ། ཐོབ་ཐང་འདི་ལ་༼མི་རན་དཱའི་ཉེན་བརྡ་༽༼Miranda Warning༽ཡང་ཟེར། དེ་ནི་ཨ་རིའི་རྩ་ཁྲིམས་འཕྲི་སྣོན་གྱི་དོན་ཚན་༥་བ་ནང་དུ་གཏན་ཏུ་འཁེལ་བའི་རྩ་དོན་ཞིག་ཡིན། ཨ་མེ་རི་ཀ་ནས་ཉེན་རྟོག་པས་གང་ཟག་ཅིག་ལ་འདྲི་རྩད་བྱེད་པའི་སྔོན་ཏུ་༼ང་ཚོའི་དྲི་བ་ལ་ཁྱེད་ཀྱིས་ལན་མི་འདེབས་པར་ཁ་རོག་ཏུ་འདུག་པའི་ཐོབ་ཐང་ཡོད། གལ་ཏེ་ཁྱེད་ཀྱིས་ལན་བཏབ་པ་ཡིན་ན། ཁྱེད་ཀྱི་ལན་དེ་དག་འབྱུང་འགྱུར་གྱི་དུས་སུ་ཁྱེད་ཉིད་ལ་མི་ཕན་པའི་དཔང་ཚིག་ཏུ་འགྱུར་སྲིད།༽ཞེས་བའི་རྩ་ཚིག་འདི་སྒྲོག་སྦྱངས་བྱས་བའི་རྗེས་སུ་ད་གཟོད་འདྲི་རྩད་བྱེད་དགོས། དེ་ལྟར་མ་བསྒྲགས་ན་ཉེན་རྟོག་པ་ལ་མི་ཕན་པའི་མཇུག་འབྲས་ཡོད།

ཡི་གེ་དང་རི་མོ་ཟུང་འབྲེལ་གྱི་སྒོ་ནས་ཉེས་དོན་གཏུག་བཤེར་སྐབས་ཀྱི་ཐོབ་ཐང་མཚམས་སྦྱོར།

ཁྲིམས་གླེང་གི་དྲ་རྩོམ་དང་སྐད་འཕྲིན་སོགས་བརྒྱུད་ནས་ཤེས་ལྡན་མང་བོས་ལྷག་བསམ་རྣམ་དག་གིས་མཉམ་ཞུགས་བྱས་ཏེ། བསམ་འཆར་དང་རོགས་རམ་གནང་བ་ལ་སྙིང་ཐག་པས་ཐུགས་རྗེ་ཆེ་ཞུ། དེའི་ནང་ནས་མཁྱེན་ལྡན་འགའ་ཤས་ཀྱིས་རི་མོ་དང་སྒྲ་ཐག་སོགས་ལ་བརྟེན་ནས་ཉེས་དོན་བརྒྱུད་རིམ་ཁྲོད་ཀྱི་ཐོབ་ཐང་གསལ་བཤད་བྱེད་ཐུབ་ན་བཟང་ཞེས་བའི་བསམ་འཆར་བཏོན་པས། ང་རང་གིས་ཀྱང་ཨ་རི་སོགས་ན་༼ཁྱེད་ཀྱི་ཐོབ་ཐང་ཤེས་དགོས༽ཞེས་བའི་རི་མོ་དང་ཡི་གེ་ཟུང་འབྲེལ་གྱི་ལམ་ནས་ཉེས་དོན་བརྒྱུད་རིམ་ཁྲོད་ཀྱི་སོ་སོར་དཔག་པའི་ཐོབ་ཐང་མཚམས་སྦྱོར་བྱེད་པའི་ལས་གཞི་ཞིག་ཡོད་པ་དེས་མི་མང་ལ་ཤིན་ཏུ་ཕན་ཐོགས་ཡོད་པ་མཐོང་བས། ང་ཚོ་ལའང་འདི་འདྲའི་ཡིག་ཆ་ཁག་ཡོད་ན་བོད་ནང་གི་སེར་སྐྱ་མི་མང་གིས་རང་རང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ཐད་ལ་ཤིན་ཏུ་ཕན་ཐོགས་པར་སྙམ་ནས། བོད་ཀྱི་དེང་རབས་ན་གཞོན་སྒྱུ་རྩལ་བ་འགའ་ཤས་དང་སྡོང་ནས་ཡི་གེ་དང་རི་མོ་ཟུང་འབྲེལ་བྱས་ཏེ། རྒྱ་ནག་གི་ཉེས་དོན་ཁྲིམས་ལུགས་ཀྱི་བརྒྱུད་རིམ་ནང་གི་ཐོབ་ཐང་དང་ཤེས་དགོས་བའི་ཤེས་བྱ་ཁག་མཚམས་སྦྱོར་བྱེད་པའི་ཡིག་ཆ་འདི་བཟོས་བ་ཡིན། མཁྱེན་ལྡན་རྣམས་ཀྱིས་གང་མོས་ལྟར་ཕྱོགས་སོ་སོའི་བོད་མིར་བཀྲམ་རོགས་གནང་།

ཁྲིམས་ལུགས་ཞལ་འདོན།

༄༅།། ན་མོ་རང་དབང་ཡ། ཐོབ་ཐང་གི་ཁྲིམས་རྣམས་ལ་སྐྱབས་སུ་མཆིའོ། རྒྱ་ནག་སྐད་དུ刑事诉讼权利21要决བོད་སྐད་དུ་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ཞུ་སྦྱོར་སྐབས་སུ་སོ་སོར་དཔག་པའི་ཐོབ་ཐང་གི་ཁྲིམས་ལ་བརྟེན་ནས་བསྲུང་བར་བྱ་བའི་ཐབས་ལམ་མྱུར་གྲོལ་ཉེར་གཅིག་མ་བཞུགས་སོ། ཨོྃ་དཀར་ནག་ལས་འབྲས་ལ་ཕྱག་འཚལ་ལོ། ༡༽ རྒྱལ་ཁབ་ཉེན་རྟོག་སྒོ་ཁར་ཐོན་ནས། སྒོ་ནི་རྡུང་ཞིང་མིང་ནས་འབོད་དུས། ལམ་སང་སྒོ་ཆུང་མ་འབྱེད་བརྟག་སྟེ། དཔང་རྟགས་ཡིག་ཆ་ཚང་མིན་བལྟ་དགོས། ༢༽ ཉེན་རྟོག་བརྩད་གཅོད་པ་ཡི་གནས་ཚུལ། ཕྲ་ཞིང་ཞིབ་པ་ཐམས་ཅད་ཅི་རིགས། མ་ལུས་ཡི་གེར་གསལ་བོར་བྲིས་ནས། རང་གི་ཉེ་དུ་ནང་མིར་སྤྲོད་དགོས། ༣༽ ཀུ་ཤུ་ཁ་པར་ལ་སོགས་ཡོད་ན། གནས་ཚུལ་བྱུང་རིམ་དཔར་ལ་བཏབ་སྟེ། ས་སྒང་ཕྱོགས་བཅུའི་དྲ་རྒྱ་སོ་སོར། ཁ་མེད་མིག་མེད་སྤེལ་ནས་བཀྲམ་དགོས།

ཉེས་དོན་གཏུག་བཤེར་སྐབས་ཀྱི་ཐ་སྙད་དང་བརྡ་ཆད་ཁ་ཤས་ཀྱི་འགྲེལ་བཤད།

གཤམ་གྱི་ཐ་སྙད་དག་ནི་ཉེས་དོན་གཏུག་བཤེར་་སྐབས་སུ་རྒྱུན་ཏུ་བཀོལ་སྤྱོད་བྱེད་པའི་ཐ་སྙད་དང་བརྡ་ཆད་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་བ་ཡིན། མཁྱེན་ལྡན་གྱི་གཟིགས་མཁན་རྣམས་ལ་ཐ་སྙད་དང་བརྡ་ཆད་སྤུས་ལེགས་ཡོད་ན་འདི་རུ་འགོད་པར་འཚལ། ང་ཚོས་ཐ་སྙད་གང་ལེགས་འཚོལ་བསྡུད་བྱས་ནས་རྗེས་སུ་ཚད་མར་འཛིན་པའི་ཐ་སྙད་གཏན་འཁེལ་བྱ་ཆོག ཐ་སྙད་དང་འགྲེལ་ལ་གོ་འཛོལ་སོགས་ཀྱི་ནོར་འཁྲུལ་ཡོད་ན་མཛུབ་སྟོན་གནང་བར་མཁྱེན། བཀག་ཉར། སྤྱི་བདེ་དང་ཞིབ་དཔྱོད་ལས་ཁང་གིས་བྱས་ཉེས་བྱེད་བཞིན་པའམ་དོགས་གཞི་ཡོད་པའི་ཉེས་དོགས་མི་སྣར་ངེས་ཅན་གྱི་ཁྲིམས་ཀྱི་ཉེན་ཁ་ཡོད་པའི་ཆ་རྐྱེན་འོག་འཕྲལ་དུ་བཟུང་བཀྱིག་བྱས་ནས་འདྲི་གཅོད་བྱེད་པའི་ཐབས་ཚུལ།  拘留 བརྡ་བསྐྱལ། ཁྲིམས་འཛིན་ལས་ཁང་གིས་ཐབས་ལམ་ངེས་ཅན་བརྒྱུད་ནས་གྱོད་འབྲེལ་གཞུང་ཡིག་འབྲེལ་ཐོགས་མི་སྣའི་ལག་ཏུ་སོན་པར་བྱེད་པ་ཞིག་ལ་གོ 送达 གྱོད་གཞི་དང་ལེན། སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་མི་བདག་གི་ཞུ་གཏུག་དང་ཉེས་དོགས་པའི་མགོ་འདོགས་སོགས་ལ་བརྟག་དཔྱད་བྱས་རྗེས་གྱོད་གཞི་དང་ལེན་བྱས་ཏེ་བརྩད་གཅོད་དང་ཁྲིམས་གཅོད་བྱེད་མིན་སོགས་ཐག་གཅོད་པའི་བརྒྱུད་རིམ་ཞིག 立案

ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་མཚམས་སྦྱོར་མདོར་བསྡུས།

ཉེས་དོན་གཏུག་བཤེར་ནི་རྒྱལ་ཁབ་ཀྱི་དབང་དྲག་འོག་ཉེས་དོན་འབྲེལ་ཐོགས་མི་སྣ་མཉམ་ཞུགས་བྱས་ནས་ནག་ཉེས་སུན་འབྱིན་དང་ཉེས་མེད་དཀར་འདོན་བྱེད་པའི་ལས་ཚུལ་ཞིག་ལ་གོ བོད་ལ་མཚོན་ན་སྔ་རབས་སྐབས་སུ་ཞུ་བཞེས་བདེན་རྫུན་དང་བཟུང་བཀྱིག་ཁྲིམས་ར་སོགས་ཀྱི་ཞལ་ལྕེ་ཡོད་པ་དེ་དག་དེང་གི་ཉེས་དོན་ཞུ་སྦྱོར་གྱི་ལམ་ལུགས་ཀྱི་དགོངས་པ་དང་ཅུང་ཟད་མཐུན། རྒྱ་ནག་ལ་མཚོན་ནའང་སྔ་རབས་ནས་གཞུང་གིས་ཉེས་དོན་ཞུ་སྦྱོར་གྱི་ལས་ཐམས་ཅད་དང་ལེན་བྱེད་པའི་སྲོལ་ཡོད། བཙན་པོ་སྲོང་བཙན་སྐབས་ཀྱི་དགེ་བཅུ་དང་ཞལ་ལྕེ་འདུས་བའི་ཁོད་སོ་དྲུག་གི་ཁྲིམས་དང་རྒྱ་ནག་གི་ཐང་རྒྱལ་རབས་ཀྱི་ཐང་ཁྲིམས་བཅས་ནི་སྐབས་དེ་བོད་དང་རྒྱ་ནག་གནའ་རབས་ཀྱི་ཁྲིམས་ལུགས་ཀྱི་ཕུལ་བྱུང་ཚབ་མཚོན་ཡིན་ཟེར། ཡིན་ནའང་ད་ལྟ་ཞུ་སྦྱོར་རམ་གཏུག་བཤེར་གྱི་ཁྲིམས་ཀྱི་གཞུང་ལུགས་དང་ལྟ་གྲུབ་ནི་༡༨༩༠གོ་གྲངས་ནང་རྒྱ་ནག་གི་ཁྲིམས་རིག་ཆེད་གཉེར་བས་ཡུ་རོབ་དང་འཇར་པན་སོགས་ནས་དབོར་འདྲེན་བྱས་པའི་ཁྲིམས་གཞུང་དག་གཞིར་བཟུང་བྱས་སྟེ་གསར་བཟོ་བྱས་བ་ཞིག་རེད། དཔེར་ན་དག་སེལ་དང་ཚབ་གཉེར་གྱི་ལམ་ལུགས་ལྟ་བུར་མཚོན་ན་བོད་དང་རྒྱ་ནག་གི་གནའ་བོའི་ཁྲིམས་གཞུང་ན་འདིའི་སྐོར་གཏན་འཁེལ་བྱས་མེད། དེ་ནི་ནུབ་ཕྱོགས་པའི་ཉེས་དོན་ཞུ་སྦྱོར་གྱི་སྐབས་སུ་གསར་གཏོད་བྱས་བ་ཞིག་རེད། ༡༩༤༩ལོ་རྗེས་སུ་རྒྱ་ནག་གིས་ཨུ་རུ་སུ་༼དེའི་སྐབས་སུ་སུའུ་ལུན་ཟེར༽ཞེས་བའི་རྒྱལ་ཁབ་དེ་ལས་ཉེས་ཁྲིམས་དང་དེའི་ཞུ་སྦྱོར་སྐོར་གྱི་ཁྲིམས་ཀྱི་གཞུང་ལུགས་སོགས་ནང་འདྲེན་བྱས་ཤིང་༡༩༧༩ལོར་ཉེས་དོན་གཏུག་བཤེར་གྱི་ཁྲིམས་གཏན་ཏུ་འཁེལ། ཁྲིམས་དེའང་༡༩༩༦ལོ་དང་༢༠༡༢ལོར་བཟོ་བཅོས་ཆེན་པོ་ཐེངས་གཉིས་ཙམ་བརྒྱབ་ཡོད། ཁྲིམས་དེ་ནང་དུ་ཆ་རྐྱེན་གང་འདྲ་ཞིག་གི་འོག་ནས་གང་ཟག་གི་ཐོབ་ཐང་ལ་རྒྱལ་ཁབ་ཀྱིས་ཚད་འཛིན་དང་བཟུང་བཀྱིག་བྱེད་ཆོག་པ་སོགས་ཀྱི་དོན་ཚན་དང་བརྒྱུད་རིམ་ཕྲ་ཞིབ་ངང་བཀོད་ཡོད་པས་རྒྱ་ནག་ནང་ཞུ་སྦྱོར་གྱི་ཁྲིམས་འདི་ལ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སམ་རྩ་ཁྲིམས་ཆུང་ངུ་ཞེས་འབོད་གིན་ཡོད།

དྲག་ཤུལ་ཐབས་ཚུལ་གྱི་སྐོར་རོབ་ཙམ་བཤད་པ།

དྲག་ཤུལ་ཐབས་ཚུལ་ཞེས་བ་ནི་སྤྱི་བདེ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་དང་། ཡང་ན་ཁྲིམས་ཁང་སོགས་ཀྱིས་ཉེས་དོན་ཞུ་སྦྱོར་བདེ་བླག་ཡོང་ཆེད་ཁྲིམས་ལྟར་དོགས་གཞི་མི་སྣའམ་གྱོད་ཡ་དུས་ངེས་ཅན་ནང་བཟུང་བཀྱིག་བཀག་གསུམ་བྱེད་པའམ་དེའི་འགྲོ་འདུག་གི་རང་དབང་སོགས་ལ་ཚད་འཛིན་པའི་ཁྲིམས་མཐུན་གྱི་དབང་དྲག་གི་ཐབས་ཚུལ་ལ་གོ རྒྱ་སྐད་སྐད་དུ་༼强制措施༽ཟེར་། དེ་ལ་དབྱེ་ན་ལྔ་ཡོད་པ་དང་། དང་བོ་བཙན་འགུགས། གཉིས་བ་གཏའ་གྲོལ། གསུམ་པ་བསྡོད་གནས་ལྟ་རྟོག བཞི་བ་བཀག་ཉར་དང་ལྔ་བ་འཛིན་བཟུང་བཅས་ཡིན། བཙན་འགུགས་ཞེས་བ་ནི་སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་བཟུང་བཀྱིག་མ་བྱས་བའི་དོགས་གཞི་མི་སྣ་དང་གྱོད་ཡ་སོགས་བཙན་དྲག་གིས་ས་གནས་ངེས་ཅན་ལ་བོས་སམ་ཁྲིད་ཏེ་འདྲི་རྩད་བྱེད་པའི་ཐབས་ཚུལ་ལ་གོ དེའི་དུས་ཡུན་ཆུ་ཚོད་༡༢ལས་འདའ་མི་ཆོག་པ་དང་ཡིན་ནའང་གྱོད་གཞི་ཤིན་ཏུ་ཚབས་ཆེ་བའི་དོགས་གཞི་མི་སྣ་དུས་ཚོད་༢༤་བར་དུ་འགྱང་ཆོག འབོད་འགུགས་བྱེད་སྐབས་་སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ཀྱི་འགན་འཛིན་གྱིས་ས་ཡིག་བཀོད་པའི་བརྡ་སྦྱོར་དོགས་གཞི་མི་སྣར་སྟོན་དགོས་བ་དང་། འདྲི་རྩད་ཚར་རྗེས་དོགས་གཞི་མི་སྣ་མྱུར་དུ་གློད་གྲོལ་གཏོང་དགོས། དོགས་གཞི་མི་སྣ་འཛིན་བཟུང་ངམ་བཀག་ཉར་བྱེད་རྒྱུ་ཡིན་ན་དུས་ཚོད་༢༤ནང་དུ་འབྲེལ་ཡོད་ཆོག་མཆན་སྐོར་གྱི་ལས་ཀ་ཚགས་སུ་ཚུད་དགོས། རྒྱ་སྐད་དུ་ཐབས་ཚུལ་འདི་ལ་༼ 拘传༽ཟེར།

Newer posts »

© 2024 — Powered by WordPress

Theme by Anders NorenUp ↑