འབྲེལ་གཏུག་གནང་རོགས།
Page 2 of 2

དུས་འཁོར་དབང་ཆེན་ཞུས་ན་ཁྲིམས་འགལ་མིན།

ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་གི་ཏང་ཨུ་དང་སྲིད་གཞུང་གིས་དེ་གའི་བོད་མི་རྣམས་དུས་འཁོར་དབང་ཆེན་ཞུ་བར་སོང་བའམ་དུས་དབང་ལ་རྟེན་འབྲེལ་འདུ་འཛོམས་སོགས་བྱས་ན། བྱ་སྤྱོད་དེ་ནི་སྤྱི་ཚོགས་བདེ་འཇགས་དོ་དམ་གྱི་ཁྲིམས་ཀྱི་དོན་ཚན་༥༥་དང་། ཉེས་ཁྲིམས་ཀྱི་དོན་ཚན་༡༠༣་དང་༢༩༦་བཅས་ལ་འགལ་ཡོད་པས་དེར་བསྟུན་གྱིས་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བརྡ་སྦྱོར་ཞིག་དེ་གའི་བོད་མིའི་དུད་ཁྱིམ་རེ་རེར་འཇིགས་བསྐུལ་གྱི་སྒོ་ནས་བཏང་འདུག།

རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བླ་རུང་སྒར་གྱི་བར་ཐག

ཉེ་ཆར་མདོ་སྨད་གསེར་རྟའི་བླ་རུང་སྒར་དུ་ས་གནས་སྲིད་གཞུང་གིས་མེ་འགོག་དང་སྤྱི་ཚོགས་བདེ་འཇགས་སོགས་ལ་ཁ་གཡར་ནས། དགོན་པའི་གྲ་ཤག་འབོར་ཆེན་གཏོར་ཏེ། གྲྭ་བ་དང་ཇོ་མོ་རྣམས་དགོན་པ་ནས་འདུག་གི་མ་བཅུག་པར་རླངས་འཁོར་ནང་བཙན་གྱིས་ཁྲིད་དེ་ཕྱིར་སོ་སོའི་གནས་ཡུལ་དུ་སྐྱེལ་བའི་གནད་དོན་དེ་ལ། མི་མང་ཆེ་བ་ཞིག་གིས་ས་གནས་སྲིད་གཞུང་གིས་བཙུན་པའི་དངོས་ཟོག་གི་ཐོབ་ཐང་དང་ཁང་ཁྱིམ་གྱི་བདག་དབང་ལ་རྡོག་རོལ་བཏང་བ་རེད་ཅེས་དགག་པ་རྒྱག་གི་འདུག ངས་བལྟས་ན་དོན་དག་འདི་དམངས་ཁྲིམས་དང་དངོས་ཟོག་གི་ཁྲིམས་༼物权法༽་ལ་འགལ་བའི་སྲིད་འཛིན་བྱ་སྤྱོད་རྐྱང་རྐྱང་ཞིག་མ་ཡིན་པར། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་༣༧་པའི་མི་ལུས་རང་དབང་དང་། དོན་ཚན་༣༢བའི་ཚན་པ་༢བའི་འདྲ་མཉམ་གྱི་ཐོབ་ཐང་དང་། དེའི་དོན་ཚན་༣༦་གི་ཆོས་ལུགས་དད་མོས་རང་དབང་གི་རྩ་དོན་དང་འགལ་ཡོད་པམ་ཟད། དེ་ལས་འཕྲོས་བའི་ཉེས་ཁྲིམས་ཀྱིས་མི་ལུས་རང་དབང་གི་ཐོབ་ཐང་ལ་གནོད་གཙེས་བྱས་བའི་ཁྲིམས་འགལ་བཀག་ཉར་༼非法拘禁༽གྱི་ཉེས་བ་བསགས་ཡོད་པ་དང་། བྱ་སྤྱོད་དེས་༢༠༠༣་གྱི་ལོར་ནུས་མེད་དུ་བཟོས་ཟིན་པའི་སྤྱི་དམངས་བསྡུ་རུབ་བྱས་ནས་ཕྱིར་ཡུལ་དུ་བསྐྱལ་བའི་ལམ་ལུགས་༼收容遣送制度༽་དེ་གསེར་རྟ་ནས་རོ་ལངས་བརྒྱབ་པ་རེད་སྙམ།

ཆའོ་སན་ཏེ་༼乔三爹༽དང་མཛེས་བརྙན་༼美拍༽གྱིས་ཁུར་དགོས་བའི་ཁྲིམས་ཀྱི་ཆད་པ།

རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་ན་དེ་ལ་ངེས་བར་དུ་ཆད་པ་ཞིག་ཡོད་དགོས། ངན་པ་ཐེར་འདོན་དང་བཟང་བོར་གཏང་རག་བྱིན་ན་ད་གཟོད་སྤྱི་ཚོགས་ཤིག་ཡར་རྒྱས་སུ་འགྲོ་ཐུབ། དེའི་རྒྱུ་མཚན་གྱིས་རྒྱལ་ཁབ་ཀྱིས་བྱ་སྤྱོད་ངན་པ་ཆེ་ཆུང་གང་ཡིན་རུང་དེ་ལ་དཔག་པའི་ཆད་པ་ཁྲིམས་ཀྱིས་གཏན་ཏུ་འཁེལ་བ་རེད། དཔེར་ན་འབར་ཞུན་ཆུང་རུང་དེ་ལ་ཚོད་མ་བཟུང་ན། ནགས་ཚུལ་ཡོངས་རྫོགས་དེས་མེ་ལ་བསྒྲོན་ནུས། ཉེ་ཆར་ཆའོ་སན་ཏེ་ཟེར་བའི་བུད་མེད་ཅིག་གིས་བཤད་པའི་སྐད་ཆ་དེ་ཡིས་ང་ཚོ་བོད་རིགས་ཡོངས་ཀྱི་སེམས་གནོད་ཡོད་པ་མ་ཟད། བོད་མི་རིགས་ཡོངས་ཀྱི་ཆེ་མཐོང་ལའང་ཤན་ཤུགས་ངན་པ་ཐེབས་ཡོད། བུད་མེད་དེ་ལ་མདོ་དབུས་ཁམས་གསུམ་གྱི་བོད་མི་གཞོན་སྐྱེས་མང་བོས་ངོ་རྒོལ་བྱེད་པའི་སྐབས་སུ། ཡང་མི་མངོན་པའི་དྲ་དབྱིངས་ན་གནས་བའི་བོད་མི་ལ་ལས་ཁོ་མོར་ཁག་མེད་རབས་དང་ཆད་པ་གཅོད་མི་འོས་ལུགས་ལབ་སོང་། བོད་གསེར་རྟ་བླ་རུང་སྒེར་གྱི་མཁན་པོ་བསོད་དར་རྒྱས་ལགས་ཀྱིས་ཀྱང་འདི་འདྲའི་དུས་ངན་ཞིག་ལ་བོད་མི་རྣམས་ཀྱིས་རྒྱ་མོ་འདི་བཏང་སྙོམས་ལ་འཇོག་དགོས་བའི་འབོད་སྐུལ་གནང་གིན་འདུག མཁན་པོས་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་ཞལ་གདམས་༼རང་ཚུགས་མ་ཤོར་༽ཞེས་བ་དེའང་བརྗེད་སོང་བ་འདྲ། རྒྱལ་ཁབ་ཀྱི་ཁྲིམས་ལྟར་ན་དེ་ནི་ནོར་འཁྲུལ་གྱི་ལྟ་བ་རེད། གང་ཡིན་ཞེ་ན་ཁོ་མོ་དང་མཛེས་བརྙན་གྱི་བྱ་སྤྱོད་ནི་རྩ་ཁྲིམས་ཀྱི་དོན་ཚན་༤་བ་དང་། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་ཀྱི་དོན་ཚན་༩་བ་དང་འགལ་བས་རྩ་ཁྲིམས་དང་འགལ་ཞིང་། ཉེས་ཁྲིམས་ཀྱི་དོན་ཚན་༢༤༩་དང་༢༥༠་དང་འགལ་བས་ཉེས་ཁྲིམས་དང་འགལ་བ། བདེ་འཇགས་དོ་དམ་དང་ཆད་གཅོད་སྐོར་གྱི་ཁྲིམས་ཀྱི་དོན་ཚན་༤༧་དང་འགལ་བས་སྤྱི་ཚོགས་བདེ་འཇགས་དོ་དམ་དང་འགལ་ཡོད་པའི་བྱ་སྤྱོད་ཅིག་ཡིན་ཕྱིན། འདི་འདྲའི་འགལ་བ་གསུམ་འཛོམས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཅིག་བཏང་སྙོམས་ལ་བཞག་ན་རྒྱ་ནག་རྒྱལ་ཁབ་འདི་ཁྲིམས་ཀྱིས་ཇི་ལྟར་སྐྱོང་།  ༼གོང་ནས་ལུང་དྲངས་བའི་ཁྲིམས་ཡིག་རེ་རེ་གཤམ་དུ་བོད་རྒྱ་ཤན་སྦྱར་བྱས་ཡོད་པས་དེ་ནས་གཟིགས་རོགས།༽

ཕྱི་བསྐྱོད་ལམ་ཡིག་གཡག་རྔ་ལྟར་སྲུང་དགོས།

ཕྱི་བསྐྱོད་ལམ་ཡིག་༼护照༽་ནི་སྲིད་གཞུང་གིས་སྤྱི་དམངས་ཞིག་ཕྱི་རྒྱལ་དུ་འགྲུད་བཞུད་ལ་འགྲོ་ཆོག་པར་སྤྲད་པའི་ཆོག་མཆན་དཔང་རྟགས་ཤིག་ཡིན། སྤྱི་དམངས་ཀྱིས་རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་གདན་ཞུ་ཡི་གེ་ལ་བརྟེན་ནས་སྤྱི་བདེ་ལས་ཁུངས་ལ་ལམ་ཡིག་ཞུས་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཉིན་༡༠་ཚུན་ལམ་ཡིག་བཟོས་ནས་སྤྲོད་དགོས། སྤྲད་ཟིན་པའི་ལམ་ཡིག་དེའང་དམིགས་བསལ་ཀྱི་ཁྲིམས་ཀྱིས་གཏན་ཏུ་འཁེལ་བའི་གནས་ཚུལ་འོག་ཕྱིར་བསྡུད་དང་བཙན་ཉར་བྱེད་དགོས་བྱུང་ན། ཁྲིམས་འཛིན་ལས་ཁུངས་དང་སྲིད་གཞུང་གི་ལྟ་ཞིབ་ལས་ཁུངས༼监察部门 ༽་ཀྱིས་ངེས་བར་དུ་ཁྲིམས་མཐུན་གྱི་བརྒྱུད་རིམ་བརྒྱུད་ནས་བཙན་ཉར་བྱེད་དགོས་བ་ལས། གང་ཟག་དང་ཚོགས་པ་གཞན་པ་དཔེར་ན་སྡེ་བའི་སྡེ་དཔོན་དང་ཞང་སྲིད་གཞུང་གི་འགོ་ཁྲིད། མངག་གཏོང་ཁང་སོགས་ལ་ཕྱི་བསྐྱོད་ལམ་ཡིག་ཕྱིར་བསྡུད་དང་བཙན་ཉར་བྱེད་མི་ཆོག་ལ་བྱེད་པའི་དབང་ཆའང་རྩ་བ་ཉིད་ནས་མེད། ལམ་ཡིག་གི་ཁྲིམས་ཀྱི་དོན་ཚན་༡༥་ནང་དུ་ལམ་ཡིག་བཙན་ཉར་བྱེད་པའི་ཆ་རྐྱེན་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ལས་ཁུངས་དང་སྲིད་འཛིན་ལྟ་ཞིབ་ལས་ཁུང་ཀྱིས་གྱོད་གཞིའི་དགོས་མཁོ་དབང་གིས་སྤྱི་དམངས་ཀྱི་ལམ་ཡིག་བཙན་ཉར་བྱེད་པ་ཆོག་པ་དང་། སྤྱི་དམངས་ཀྱིས་བཙན་ཉར་བྱེད་འོས་བའི་ལམ་ཡིག་དེ་གཞུང་ལ་མ་སྤྲད་ན། ཁྲིམས་འཛིན་ལས་ཁུངས་སོགས་ཀྱིས་ཕྱི་བསྐྱོད་ལམ་ཡིག་སྤྲོད་པའི་ལས་ཁུངས་ལ་ལམ་ཡིག་དེ་ནུས་མེད་གསལ་སྒྲག་སྤེལ་བའི་རེ་སྐུལ་བྱེད་ཆོག

མི་རིགས་ཁྱད་གསོད་ཀྱི་གནད་དོན་ལ་ངོ་རྒོལ་བྱེད་སྟངས།

མི་རིགས་ཁྱད་གསོད་ཅེས་བ་ནི་མི་རིགས་དང་གང་ཟག་ཅིག་གི་རིགས་རུས་དང་བྱད་གཟུགས། བདོག་པ་དང་ཆབ་སྲིད་གོ་གནས་སོགས་ལ་དམིགས་ནས་དེར་ཁྱད་གསོད་དང་བརྙས་དམོད་བྱེད་པའམ། ལོགས་སུ་བཀར་ནས་མཐོང་ཆུང་བྱེད་པའི་བྱ་སྤྱོད་ཡིན། དེ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་གནོད་འཚེ་བྱས་བའི་བྱ་སྤྱོད་ཅིག་ཡིན རྒྱ་སྐད་ཀྱིས་དེ་ལ་༼民族歧视 ༽ཟེར་ཞིང་དབྱིན་ཇིའི་སྐད་གྱིས་དེ་ལ་༼ discrimination༽ཟེར། དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་གསུམ་དང་དེ་ལས་འཕྲོས་བའི་ཁྲིམས་ལུགས་གཞན་དང་འགལ་བའི་བྱ་སྤྱོད་ཡང་ཡིན། རྒྱ་རིགས་ལ་སྔ་མོ་ནས་ཡོད་པའི་གྲངས་ཉུང་མི་རིགས་ལ་ཁྱད་གསོད་བྱེད་པའི་གོམས་སྲོལ་ངན་པ་དེ་སྔོན་འགོག་བྱེད་ཆེད། རྩ་ཁྲིམས་ཀྱི་དོན་ཚན་གསུམ་པ་དང་བཞི་བ། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་༩་བ་བཅས་ཀྱི་ནང་དུ་གྲངས་ཉུང་མི་རིགས་ལ་ཁྱད་གསོད་བྱ་མི་ཆོག་པའི་གཏན་འཁེལ་བྱས་ཡོད།  ད་བར་རྒྱ་ཡུལ་གྱི་གྲོང་ཁྱེར་མང་བོ་ཞིག་ན་གནམ་གྲུ་ཐང་དང་མགྲོན་ཁང་སོགས་ཀྱིས་རྒྱལ་ཁབ་བདེ་འཇགས་དང་འཇིགས་སྐུལ་རིང་ལུགས་པ་ངོ་རྒོལ་བྱེད་པར་ཁ་གཡར་ནས་རང་རེའི་རིགས་ལ་ཁྱད་གསོད་དང་མཐོང་ཆུང་ཤུགས་དྲག་བྱེད་གིན་ཡོད། དེར་ཁ་གཏད་གཅོག་དགོས་ན་བརྙན་རིས་འདི་ནང་གི་དཔའ་མཛངས་ལྡན་པའི་ཕོ་གསར་དེའི་ཐབས་ཤེས་བེད་སྤྱོད་བྱེད་དགོས་བ་མ་ཟད། གྱོད་གཞི་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་ལ་དམིགས་ནས་དཔང་རྟགས་སོགས་བསྡུ་རུབ་བྱས་ཏེ་སྲིད་འཛིན་ཁྲིམས་ལུགས་ཀྱི་གཏུག་བཤེར་རམ་དམངས་དོན་གྱི་གཏུག་བཤེར་དང་ཉེས་དོན་གཏུག་བཤེར་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་རང་རང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས།

ཁྲིམས་ལུགས་ལ་སློབ་སྦྱོང་བྱེད་དགོས་པ།

ནགས་ཚང་ནུས་བློ། ང་ཚོ་ནི་མི་ཞིག་ཡིན་པའི་ཆ་ནས་བཤད་ན། སྐྱེ་བོ་སུ་དང་སུ་ཡིན་ཡང་རང་རང་ལ་ཆེས་རྩ་བའི་ཁེ་དབང་རེ་ཡོད་པ་ནི་ཤེས་དགོས་པ་མ་ཟད་། མི་རང་གི་ཁེ་དབང་གི་ཐོབ་ཐང་འདི་དག་ལ་ཁྲིམས་ལྡན་གྱི་སྲུང་སྐྱོབ་བྱེད་དགོས་པ་ཡང་ཤེས་དགོས་པ་རེད། རང་ཉིད་ཁ་འོག་ཏུ་བསྡད་ཡོད་པའི་རྒྱལ་ཁབ་སྟེ། རང་བཙན་གྱི་རྒྱལ་ཁབ། ཡང་ན་མངགས་བཅོལ་འོག་ཏུ་ཡོད་པའི་རྒྱལ་ཁབ་བམ། རང་སྲིད་རང་སྐྱོང་མིན་པའི་རྒྱལ་ཁབ་གང་ཡིན་ཡང་། ཐོག་མར་སྐྱེ་བོ་རང་ཉིད་ཀྱིས་རྒྱལ་ཁབ་འདིའི་ཁྲིམས་ལ་སློབ་སྦྱོང་བཟང་བོ་བྱེད་དགོས། ཁྲིམས་མཐུན་གྱི་ངང་ནས་རྒྱལ་ཁབ་ཁྲིམས་ཀྱིས་རང་གི་ཁེ་དབང་སོགས་སྲུང་སྐྱོབ་བྱེད་དགོས། ས་ཆ་མང་ཙམ་གྱིས་ཁྲིམས་བཤད་པ་བཟང་ཡང་ལག་ལེན་མི་བྱེད་པ་ནི་དཔོན་ངན་ཉུང་ཤས་ཀྱིས་གཅིག་ནས་སྙིང་རྗེ་མེད་པ་དང་། གཉིས་ནས་གླ་ཕོགས་ལེན་པ་ཙམ་ལས་རྒྱལ་ཁྲིམས་མི་ཤེས་པའི་རྐྱེན་རེད། ཅི་བཤད་ཀྱང་། དབང་བསྒྱུར་མཁན་གྱི་རྒྱལ་ཁྲིམས་ལ་འབངས་མི་སྲུང་སྐྱོབ་ཀྱི་ནུས་ཤུགས་ཆེན་པོ་ཡོད་པ་དང་། སྤྱིར་བཏང་དུ་ཁྲིམས་སོགས་ནི་རྒྱུ་འབྲས་དྲང་བ་ཡིན་ལ། རྒྱལ་ཁྲིམས་བཟང་བོ་ཡོད་ཀྱང་ངོ་ཚ་ཁྲེལ་མེད་ཀྱིས་ལག་ལེན་མི་བྱེད་པའི་གཏུམ་སྤྱོད་ཀྱི་དབང་བསྒྱུར་རྒྱལ་ཁབ་ནི་ཉུང་ཤས་ཡིན་པ་ནི་བཤད་མ་དགོས་པ་རེད། གནད་འགག་ནི་སྐྱེ་བོ་རང་ཉིད་ཀྱིས་རྒྱལ་ཁྲིམས་འདི་དག་ཅི་ལྟར་གོ་དོན་ཆ་ཚང་རྟོགས་པ་དང་རང་གི་ཁེ་ཕན་སྲུང་བའི་ཐད་ཅི་ལྟར་མཁོ་སྤྱོད་བྱེད་པ་ལ་རག་ལས་པ་ཡིན། འབངས་མི་མང་ཙམ་གྱིས་རྒྱལ་ཁྲིམས་རང་དང་འབྲེལ་བ་མེད་འདོད་པ་ནི་ནོར་འཁྲུལ་རེད། ཁྱོད་རྒྱལ་ཁབ་འདིའི་ཁ་འོག་ཏུ་བསྡད་ཡོད་པས་ཁྱོད་ཀྱི་ཤེས་ན་མ་ཤེས་ན། ཡང་ན་ཁྱོད་ཀྱི་འདོད་ན་མ་འདོད་ན་རྒྱལ་ཁྲིམས་ཡོད་ཚད་ཁྱོད་ཀྱི་མགོ་ལ་ཡོད་ངེས་ངེས་རེད། ཁྲིམས་ཀྱིས་རང་སྲུང་ཤེས་མཁན་མགོ་ལ་ཆག་སྐྱོན་ཉུང་བ་དང་། ཁྲིམས་ཀྱིས་རང་སྲུང་མི་ཤེས་མཁན་གྱི་མགོ་ལ་དུས་ནམ་ཡང་ཆག་སྐྱོན་མང་ཙམ་དང་། དོན་མེད་དུ་ཁྲིམས་འགལ་གྱི་གཤེ་རྡུང་དྲུད་གསུམ་ཀྱང་ཐེབས་ཀྱིན་ཡོད་ཀྱང་། བཤད་ས་བཤད་ཁུངས་མ་ཤེས་པར་སྒུག་པའི་བུ་ངན་ཟོས་པ་བཞིན་བསྡད་ཡོད་པ་སོགས་ནི་སྙིང་རེ་རྗེ། དེ་བས་ཅི་བཤད་ན་སྐྱེ་བོ་མཐོ་དམན་སུ་ཡིན་ཡང་རང་དང་འབྲེལ་བའི་ཁྲིམས་ལུགས་ཅུང་རེ་སློབ་སྦྱོང་བྱས་ན་དགོས་ངེས་ཀྱི་སྐབས་རེ་ཡོད་ཁོ་ཐག་རེད།

ཁྲིམས་ལུགས་ཀྱི་ལམ་ལ་བསྐྱོད་པ།

ང་ཚོ་ཨ་མདོ་བ་ཕལ་ཆེ་བས་རང་ཉིད་ཀྱི་ཕུགས་འདུན་དང་དགའ་སྡུག་སོགས་ཀྱི་སེམས་ཚོར་སྙན་ངག་ལ་བཅོལ་ནས་རྨ་ཁ་དང་ན་ཚ་དེ་ཡིས་སྨན་བཅོས་བྱེད་ཁུལ་བྱས། དེ་ནི་བོད་ཀྱི་དེང་རབས་སྙན་ངག་པ་སོགས་ཀྱི་༼དངོས་རྫས་མ་ཡིན་པའི་རིག་གནས་ཤུལ་རྫས་༽ལས་སྐྱེས་ཤིང་མཆེད་པའི་སེམས་གཤིས་ཤིག་ཡིན་རྒྱུ་རེད་བསམ། མི་རིགས་འདིའི་མི་རབས་ནས་མི་རབས་སུ་བརྒྱུད་པའི་གོད་ཆག་དང་མྱངས་བའི་ངོ་ཚ་ཡོད་དོ་ཅོག་སྙན་ངག་གིས་ཞི་བའམ་ཞིག་གསོ་བྱེད་ནུས་ན། འཇར་པན་ནི་ད་ལྟ་སྙན་ངག་གིས་ཁྱབ་པའི་རྒྱལ་ཁབ་ཅིག་ཆགས་ཡོད་རྒྱུ་རེད། ཡིན་ནའང་དེ་ལས་ལྡོག་སྟེ་འཇར་པན་ནི་སྟོབས་འབྱོར་གྱིས་བརྟས་ཤིང་སྙན་ངག་གིས་དབུལ་བའི་རྒྱལ་ཁབ་ཅིག་ཡིན། ཉམ་དམའ་བའི་མི་རིགས་ཤིག་ལ་སྙན་ངག་མི་མཛའ་བ་ནི་ས་སྒང་འདིའི་མི་གཞན་གྱིས་ཤེས་ཤིང་ང་ཚོས་ཧ་མ་གོ་བའི་གསང་བ་ཞིག་ཡིན། ཞག་རྩི་ཡོད་མེད་ལ་མ་ལྟོས་བར་བར་སྣང་ནས་སྙན་ངག་གི་བཙན་མཁར་ཞིག་བཞེངས་བ་ལས་ང་ཚོས་མིག་མཐོང་ལག་ཟིན་གྱི་ཐབས་ལམ་ཞིག་བཙལ་ནས་ལུས་སྟོབས་རྒྱས་བར་བྱ་དགོས། སྟོབས་འབྱོར་ལས་བྱུང་བའི་སྙན་ངག་ནི་གླིང་སྒྲུང་ལྟ་བུ་ཡིན། དེས་ན་ང་ཚོས་སྟོབས་འབྱོར་འཕེལ་བྱེད་ཀྱི་ཟ་མ་རིན་པོ་ཆེ་གང་ནས་འཚོལ་དགོས་ཞེ་ན། ངས་བལྟས་ན་ང་ཚོ་ཁྲིམས་ལུགས་ཀྱི་ལམ་ལ་ཆས་ཏེ་ཁྲིམས་ལུགས་ཀྱི་ཤ་མར་ཟོས་ན་ད་གཟོད་མི་རིགས་འདིའི་ལུས་སྟོབས་ཡང་བསྐྱར་རྒྱས་སྲིད། གནའ་བོ་རོམ་གྱི་བསམ་བློ་བ་ཕེ་ཁྲོལ་ནུ་ཡོག་སུས་༼Petronius༽ཁྲིམས་ལུགས་ནི་བག་ལབ་དང་མར་ཕྱུར་ཡིན་ཞེས་ལོ་ངོ་སྟོང་ཕྲག་ཡན་ལ་ལུང་བསྟན་ཡོད་པས། ང་ཚོས་ད་ལྟ་ཁྲིམས་ལུགས་ཞེས་བ་དེ་འོ་སྐོལ་གྱི་བསམ་པའི་ཀློང་གི་གཏེར་ནས་གདན་དྲངས་ཏེ་ལྟོ་གོས་གཏམ་གསུམ་སོགས་སྒྲུབ་བྱེད་ཀྱི་ཐབས་ལམ་ཞིག་ལ་བཀོལ་དགོས། རང་རིགས་ཀྱི་བགྲེས་སོང་ཕལ་ཆེ་བས་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་ལ་ཡིད་ཆེས་མེད་ཅེས་བརྗོད་ན་དེ་ལ་ཁག་མེད། ཁོང་ཚོའི་ལོ་རྒྱུས་ནི་རྒྱ་ནག་རྒྱལ་ཁབ་ཆེས་ཁྲིམས་མེད་ལུགས་མེད་ཀྱི་དུས་ངན་ལ་ཁེལ་ཡོད་ལ་ཁོང་རྣམ་པ་ཚོ་ལོ་རྒྱུས་དེ་དེད་ནས་ཚུར་ཡོང་བ་རེད། ཡིན་ནའང་ང་ཚོ་གཞོན་རབས་ཚོ་རྒན་པ་རྣམས་ཀྱི་འཇིགས་དོགས་ཀྱི་གྲིབ་མ་ནང་དུ་མི་གནས་བར་སོ་སོའི་སྐབས་དང་འཚམ་པའི་ཐོབ་ཐང་དང་བདེ་སྐྱིད་ལ་བརྩོན་ལེན་བྱེད་པ་ནི་ལྷན་སྐྱེས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན། རྒྱ་ནག་རྒྱལ་ཁབ་ཀྱི་རྟོགས་སད་ཤེས་ཡོན་པ་དང་སྒོས་སུ་ཁྲིམས་རིག་སྨྲ་བའི་སྡེ་དག་གིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་མི་ལོ་སུམ་ཅུ་ལྷག་ལ་ཧུར་ཐག་འབད་ཐག་བྱས་བའི་རྐྱེན་གྱིས་ད་ལྟ་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པ་རྩ་ཁྲིམས་ཀྱི་དོན་ཚན་ནང་ཚུད་ཡོད་པ་མ་ཟད། ཁྲིམས་ཐམས་ཅད་ཀྱི་ནང་དུ་ཁྱབ་བརྡལ་ཏུ་འགྲོ་དང་འགྲོ་བཞིན་པ་དང་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བ་དང་བོད་ཡུལ་ཁྲིམས་ཀྱིས་སྐྱོང་བ་སོགས་སྔར་ནས་དར་མ་མྱོང་བའི་སྲིད་ཇུས་ཀྱང་ལག་བསྟར་དང་གཏན་འཁེལ་བྱེད་བཞིན་བདའ། འདི་དག་ནི་ང་ཚོས་འཚོལ་དགོས་བའི་གླགས་ཡིན།

Newer posts »

© 2024 — Powered by WordPress

Theme by Anders NorenUp ↑